དེ་རིང་དགུན་གནང་རེད། ཡུན་རིང་པོར་ཕ་ཡུལ་དུ་ལོག་མ་ཐུབ་པས་ད་ལྟ་དངོས་གནས་ཕ་ཡུལ་དང་ཕ་མ་གཉེན་ཉེ་དྲན་པའི་ཚོད་དུ་འདུག།
སློབ་གྲོགས་སྐོར་ཅིག་ཁ་སང་ནས་ཕ་ཡུལ་དུ་ཆས་སོང་མོད་ང་རང་ཅུང་ཐག་རིང་བས་དེ་རིང་མ་གཏོགས་འགྲོ་མ་ཐུབ། སློབ་གྲྭས་དགུན་གནང་དང་བསྟུན་ནས་མལ་ཁང་ཞིག་གསོ་བྱ་རྒྱུ་ཟེར་བས་སྔ་མོ་ནས་ཡར་ལངས་ཏེ་མལ་ཐུལ་མལ་སྟན་དང་དཔེ་ཆ་ཁ་ཤས་བཅས་སློབ་ཁང་དུ་བསྐྱལ་རྗེས། དངོས་སུ་ཕ་ཡུལ་དུ་ལོག་པའི་ལམ་དུ་ཞུགས། འགྲོ་རོགས་ལ་ང་དང་ཕ་ཡུལ་གཅིག་པའི་བཟང་ས་དོན་ཡོད་དང་བསྟན་འཛིན་གཉིས་ཡོད། རླངས་འཁོར་འབབ་ཚིགས་སུ་ཐོན་རྗེས་ཐོག་མར་དྲྭ་སྟེང་ནས་ཉོས་པའི་པ་སེ་བླངས། ང་རང་ཟི་ལིང་ནས་རེས་འཁོར་དུ་བསྡད་པ་ཐོག་དང་པོ་ཡིན་པས། འཛུལ་སྒོ་གང་དུ་འགྲོ་དགོས་པའང་གསལ་པོ་ཤེས་ཀྱིན་མེད། ཁ་ཤས་སྟེང་དུ་ཡི་གེ་གསལ་པོར་བྲིས་ཡོད་མོད་ཁ་ཤས་སྟེང་དུ་བྲིས་མི་འདུག་པས་དེ་བས་ཀྱང་མགོ་འཁོར་བའི་ཚད་དུ་སླེབས།
དུས་ཚོད་བཅུ་པའི་སྟེང་རེས་འཁོར“བོའུ བོའུ བོའུ”ཡི་སྒྲ་དང་ལྷན་དུ་ཕ་ཡུལ་གྱི་ཕྱོགས་སུ་ཆས་སོང་། ངས་ཟི་ལིང་གྲོང་ཁྱེར་གྱི་དགུན་གཞུང་གི་མཛེས་སྡུག་དང་ཟང་ཟིང་གི་འཚོ་བར་གྱེས་བརྡ་བཏང་ནས་ཞེན་ཆགས་ཅི་ཡང་མེད་པར་ཕ་ཡུལ་དུ་ལོག། རླངས་འཁོར་གང་དུ་ཙོག་ཀྱང་འགྲོ་བཞིན་འགྲོ་བཞིན་གཉིད་སོང་བ་ངའི་ཁྱད་ཆོས་ཤིག་ཡིན་པས། དེ་རིང་ཡང་སྔར་དང་འདྲ་བར་ཟི་ལིང་གི་ས་མཚམས་བརྒལ་བ་ཙམ་གྱིས་གཉིད་ཀྱི་ཞིང་ཁམས་སུ་ཞུགས། དེའི་རྐྱེན་གྱིས་ངས་ནམ་རྒྱུན་ལམ་བར་གྱི་ཡུལ་ལྗོངས་མང་པོ་ཞིག་མཐོང་ཐུབ་ཀྱིན་མེད། ང་གཉིད་ལས་སད་དུས་རེས་འཁོར་རིག་མོ་གཞུང་ལ་འབྱོར་འདུག། རིག་མོ་ལ་ཐེངས་མང་པོ་ཡོང་མ་མྱོང་མོད་འདི་ངའི་ཕ་ཡུལ་གཉིས་པ་ཡིན་ཞེས་བཤད་ཀྱང་ཆོག། རྒྱུ་མཚན་ངའི་རྨོ་མོའི་ཨ་མ་ས་འདི་ནས་ངེད་སྒོ་མེའི་ཚོ་བར་གནས་ཡོང་རབས་ཟེར་བས། ཤ་རུས་ཀྱི་རྐྱེན་གྱིས་ཡིན་ནམ་གང་ལྟར་ང་རང་ཡུལ་འདིར་བརྩེ་བ་ཅུང་ཟབ། ཕར་གི་མཐོ་རྒྱུ་མེད་པའི་རི་ངོས་སུ་ལུག་ཁྱུ་ཞིག་ལྷོད་ཀྱིས་བཀྲམ་སྟེ་བག་ཡངས་ངང་རྩྭ་ལ་རོལ་གྱིན་འདུག་ལ། ཁོད་ཡངས་པའི་རྩྭ་ཐང་གི་སྟེང་ན་ནག་མོ་ནོར་ཁྱུ་ཞིག་ཀྱང་མུ་ཏིག་ས་ལ་བཀྲམ་པ་ལྟར་འདུག་པ་རྒྱང་ནས་བལྟས་ཀྱང་སེམས་ལ་བརྗོད་མི་ཤེས་པའི་བདེ་ཚོར་ཞིག་སྐྱེས་པས་ཡུལ་ལ་ཐོན་པ་ལྟ་བུའི་སྣང་བ་ཞིག་སྐྱེས་འོངས།
རིག་མོ་ནས་ཚུར་ཡོང་ན་ཆབ་ཆ་ཡིན། བདེ་སྐྱིད་ཐང་དུ་ཐོན་དུས་ཆུ་ཚོད་བཅུ་གཉིས་ལྷག་རེད་འདུག། ས་དེ་གའི་རྡོ་སྣུམ་ལྡུག་སར་རེས་འཁོར་ཁ་ལོ་བས་རེས་འཁོར་ལ་སྣུམ་བླུག་ཅིང་འགྲུལ་བ་སྐོར་ཅིག་སར་བབས་ནས་གསང་སྤྱོད་དུ་འགྲོ་ཞོར་རང་ས་རང་ཡུལ་གྱི་མཁའ་དབུགས་གཙང་མ་ཞིག་རྔུབ་ཀྱིན་འདུག། ངའང་དེ་ཚོ་ནང་བཞིན་སར་བབས་ནས་ངལ་ཅུང་ཟད་གསོས།འགྲུལ་བ་མང་ཤོས་རེས་འཁོར་དུ་བསྡད་འདུག་ལ་དེ་དག་གི་ཁྲོད་དུའང་ཁ་ཅིག་ང་དང་འདྲ་བར་གཉིད་འདུག་ལ། ཁ་ཅིག་གིས་སྐུད་མེད་རྣ་ཉན་རེ་རྣ་ནང་དུ་བཙུགས་ནས་གླུ་གཞས་སམ་ཡང་ན་གཞན་གང་ཞིག་ལ་ཉན་འདུག། ཕ་ཡུལ་དང་ཐག་ཇེ་ཉེར་གྱུར་བས་ཡིན་ནམ་ཕར་བལྟས་ན་སེམས་ཁམས་སྐྱིད་པོ་ཡོད་པ་འདྲ། ཆབ་ཆ་ནི་ངའི་ལོ་ངོ་གསུམ་ལ་མཐོ་འབྲིང་གི་འཚོ་བ་རོལ་ས་དང་སློབ་གཉེར་བྱེད་སའི་གནས་ཡིན། འོན་ཀྱང་ཕར་བལྟས་ན་འགྱུར་བ་ཅི་ཡང་མི་འདུག་སྙམ་པའི་ཚོར་བ་ཞིག་སྟེར། རེས་འཁོར་ཆབ་ཆ་གྲོང་སྡེའི་ནང་དུ་མ་སོང་ལ་འགྲོ་དགོས་དོན་ཡང་ཆེར་མི་འདུག། ཆབ་ཆའི་རླངས་འཁོར་འབབ་ཚིགས་ཀྱི་ནུབ་བྱང་ཏུའུ༤༥མཚམས་སུ་བསྡད་དེ་མི་རེ་གཉིས་མར་བབས་ཤིང་རེ་གཉིས་ནང་དུ་འཛུལ། རེས་འཁོར་བསྡད་ཡོད་པའི་ཁ་གཏད་ན་བོད་ཀྱི་ཟ་ཁང་རེ་འགའ་འདུག་ལ་དེ་ནས་མཆེད་པའི་ཟ་མའི་དྲི་མ་ཞིམ་པོ་དེས་ལམ་ཧྲིལ་བོ་ལྟོགས་ནས་འོངས་པའི་ང་ལ་སྡོད་མི་ཚུགས་པའི་ཉམས་ཤིག་བསྩལ་བས་མྱུར་དུ་མར་བབས་ནས་ཟ་ཁང་དུ་འགྲོ་འདོད་ཀྱང་སྐྱེས་བྱུང་། འོན་ཀྱང་དེ་འདྲའི་གོ་སྐབས་ཤིག་ག་ལ་ཡོད་དེ་མི་སྲིད་པས་སླར་ཡང་ཕ་ཡུལ་བྲག་དཀར་དུ་ལྡོག་པའི་ལམ་དུ་ཞུགས།
ཆབ་ཆ་ནས་བྲག་དཀར་རྫོང་བར་སྤྱི་ལེ༡༢༥•༥ལྷག་ཡོད། སྔར་དང་མི་མཐུན་པ་ཞིག་ལ་བར་སྐབས་འདིར་ང་ལ་གཉིད་རྩ་བ་ནས་མི་འདུག། དེ་ལས་ལྡོག་སྟེ་རྣམ་རིག་དང་སྤྲོ་སེམས་ཀྱིས་ཁེངས་འདུག། བཏུལ་ཐང་དུ་ཐོན་དུས་སེམས་ལ་འཆར་སྒོ་འདྲ་མིན་ཤར་ཡོང་། བཏུལ་ཐང་གོང་འོག་བར་གསུམ་དུ་འབོད་པ་ལས་ད་ལྟ་ང་ཡོད་ས་འདི་བཏུལ་ཐང་བར་མ་ཡིན་ཚོད་རེད།སྔོན་གྱི་དུས་ན་བཏུལ་ཐང་ཟེར་བ་ནི་ད་ལྟའི་གུང་ཧོ་རྫོང་གི་ཆོས་རྗེ་ཐང་དང་བཏུལ་ཐང་། ཞིན་ཧེ་རྫོང་གི་ད་ལྟའི་ཧོད་ཁ་ས་ཆ་སོགས་འདུས་པའི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ལ་གོ། གཞན་ཡང་བཏུལ་ཐང་ཟེར་བའི་མིང་གི་ཐོགས་སྟངས་ལ་དུས་རབས་བདུན་པའི་སྨད་ཙམ་ལ་བོད་རྒྱལ་སྲོང་བཙན་གྱི་བློན་ཆེན་མགར་ཁྲི་འབྲིང་གིས་ཐང་དམག་བཏུལ་བའི་ཐང་ཡིན་པས་དེ་ལྟར་དུ་གྲགས་ཞེས་ཀྱང་ཟེར། བཏུལ་ཐང་གི་ས་མང་ཆེ་ཤོས་བྱེ་ཐང་ཡིན་ལ་རྩྭ་ནི་ཤིན་ཏུ་ཉུང་བས་ནོར་ལུག་འཚོ་སྐྱོང་བྱེད་པར་དཀའ་ཁག་ཤིན་ཏུ་ཆེ། འོན་ཀྱང༢༠༡༥ལོ་ནས་ས་འདི་གར་ཉི་ནུས་གློག་འདོན་ས་ཚུགས་བཙུགས་ཏེ་མིང་ལ“ཉི་ནུས་སྣོད་བཅུད་གློག་འདོན་གླིང་ཁུལ།”ཞེས་བཏགས་ཏེ་ཉི་གློག་འདོན་སྤྲོད་བྱས་པས་ས་དེ་གའི་མི་རྣམས་ཀྱི་འཚོ་བར་ཁག་ཐེག་ངེས་ཅན་ཞིག་ཐོབ་སོང་། དེ་ནས་ཡར་ཆུ་ཚོད་ཕྱེད་ཙམ་སོང་བས་ཧོད་ཁ (དཔལ་ཁ)གྲོང་བརྡལ་དུ་ཐོན། མཐོ་སྒང་གི་པང་ན་དབེན་འཇགས་ངང་གནས་པའི་ཡུལ་འདིར་ཐོན་དུས་ནམ་མཁའ་ཡང་ཇེ་སྔོན་དུ་གྱུར་འདུག་ལ་སྤྲིན་པའང་ཇེ་དཀར་དུ་གྱུར་འདུག་པའི་སྣང་བ་ཞིག་སྟེར། གནས་འདི་ན་གྲོང་སྡེ་གཞན་དག་ལྟ་བུའི་ཁང་བརྩེགས་མཐོན་པོ་མེད་ལ་མི་ཚོགས་ཀྱི་འདུ་འཛི་ཡང་ཤིན་ཏུ་ཉུང་། འོན་ཀྱང་གནས་འདིའི་མི་རྣམས་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མི་གཤིས་ཤིག་ཡོད་པས། ཡུལ་སྡེ་གཞན་གྱིས་ཀྱང“ཞིན་ཧེ་ཡི་སློབ་གསོ་ཧོད་ཁ་ལ་ལྟོས”ཞེས་གདེང་འཇོག་བླ་མེད་བྱེད་ལ་དངོས་ཀྱང་དེ་འདྲ་ཡིན། ད་དུང་མདུན་དུ་སོང་ན་རི་བོ་མཐོན་པོ་བརྗིད་པོ་ཞིག་ཡོད་ལ་དེ་ལས་བརྒལ་ན་ད་གཟོད་དངོས་སུ་བྲག་དཀར་རྫོང་གི་ས་མཚམས་སུ་སླེབས་པ་རེད། ཆུང་དུས་ངེས་པར་རི་བོ་འདི་བསྐོར་ནས་འགྲོ་དགོས་མོད་ད་ལྟ་རི་བོར་ཕུག་ལམ་བཟོས་ནས་འགྲིམ་འགྲུལ་སྟབས་ཇེ་བདེར་སོང་ཡོད་པས་ཅུང་མ་འགོར་བར་ཕ་རོལ་དུ་སླེབས་ཐུབ་པ་བྱུང་།
རི་བོའི་ཕ་རོལ་དུ་སླེབས་བྱུང་། ཧང་ངུ་ཨ་མྱེས་རི་རྒན་གྱིས་རང་གི་བུ་ཕྲུག་ཚོ་མཐོང་བ་ལྟར་གདོང་ལ་འཛུམ་གྱིས་ཁེངས་ཏེ་ང་ཚོར་བསུ་མ་བྱེད་ཀྱིན་འདུག། ངས་ཀྱང་ཁོང་ལ་ཕྱིར་འཛུམ་ཙམ་བྱས་ཤིང་དེ་དང་ལྷན་དུ་རང་གིས་ཡུན་རིང་མ་མཐོང་བའི་སྤོ་བོ་དྲན་བྱུང་ལ་སྤོ་བོ་ཚ་ཐབ་སྟེང་ཙོག་ནས་མ་ཎི་འདོན་པའི་ཉམས་སྣང་ཡང་དྲན་བྱུང་། རྨོ་མོ་དྲན་བྱུང་ལ་རྨོ་མོའི་སྒུར་ཞིང་གུག་པའི་ལུས་པོའང་མིག་ལམ་དུ་མངོན་བྱུང་། དུས་རྒྱུན་སྐད་འཕྲིན་གྱི་བརྙན་མིག་བརྒྱུད་ནས་མཐོང་གི་ཡོད་མོད་ད་ལྟ་དངོས་སུ་མཐོང་ཐུབ་པ་དྲན་ན་སེམས་ལ་བྲེལ་འཚུབ་ཅིག་སྐྱེས་འོངས། བྲག་དཀར་རྫོང་དུ་སླེབས་སོང་། ཕ་ཡུལ་དུ་སླེབས་སོང་། གནས་འདི་ལའང་འགྱུར་བ་ཆེན་པོ་མི་འདུག། རླངས་འཁོར་འབབ་ཚིགས་ནས་སྒེར་གྱི་གླ་གཏོང་རྒྱུག་སར་ཐོན་ཏེ་མི་ལོ་དགུ་ཡི་སློབ་སྦྱོང་གི་འཚོ་བ་སྐྱེལ་སའི་གནས་འདིར་མིག་བལྟས་རེ་བྱས་པས་ཡོད་ཚད་དེ་འདྲའི་རྒྱུས་ཡོད་དང་དྲོད་ཁོལ་ཅན་ཞིག་རེད་ཨང་།
ད་ནི་གནས་འདིའི་ཕྱིར་དྲན་དང་ཞེན་ཆགས་མཐའ་དག་རེ་ཞིག་བསྐྱུར་ནས་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་ཏེ་ཐར་སྟོང་སྡེ་བར་ཆས་འགྲོ། ཕ་མ་དང་ཕུ་ནུ། སྤོ་བོ་དང་རྨོ་མོ་སོགས་གཉེན་ཉེ་མཐའ་དག་ལ་ཐུག་ཏུ་ཆས་འགྲོ།
༼ ཉག་ཕྲན། ༽