国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་འོག་གི་ཚོར་མགུར།

སྣང་བའི་ཉི་གཞོན་སེར་པོ་ལ་ནས་བརྒལ། །

སྐྱི་བསེར་རླུང་གི་འདུ་བྱེད་དལ་གྱིས་ལྡང་། །

རབ་རིབ་མུན་པའི་ཡོལ་བས་ནོར་འཛིན་གཡོག །

ཕྲན་གྱི་ཚོར་སྣང་གསར་མ་མགུར་དུ་འཐེན། །

མ་བཀོད་མཐོངས་རྒྱ་ཡངས་པའི་སྟེགས་བུ་ལ། །

མ་བྲིས་རི་མོ་དཀར་བ་བསིལ་ཟེར་ཅན། །

མ་བཅོས་མཚོ་ལ་གཡེང་བའི་འོད་གསལ་དེས། །

མ་བརྗེད་སེམས་ཀྱི་རི་མོ་ཡང་ཡང་སློག །

རབ་དཀར་ཟླ་བའི་གཟི་དཔལ་ཀུན་ན་འཕྲོ། །

རབ་མཛེས་འོད་ཀྱི་ཕུང་པོའི་འཇའ་སྤྲིན་འོག །

རབ་བྱུང་སྣང་བའི་མེ་ཏོག་གང་ན་གཡེང་། །

རབ་གསུང་ཚིག་གི་རྩ་མདུད་ཡང་ཡང་གྲོལ། །

སོས་དལ་དབྱངས་ལ་བཀུག་པའི་གཞས་སྙན་ཁྲོད། །

དུང་སེམས་རྒྱང་ལ་སྐུར་བའི་ཡིད་མཚོ་སྐྱོམ། །

འདང་བརྩེ་གཅིག་གིས་བསྐྲུན་པའི་མཛའ་མོ་ཞིག །

མ་བཅོས་རང་དབང་མ་བྱུང་ཡིད་ལ་ཤར། །

དལ་མོ་མཁའ་ཡི་ཟླ་གཞོན་བྱོན་པའི་ཚེ། །

ཕར་སེམས་མཛའ་བས་བྲིས་པའི་བརྩེ་བ་དང་། །

ཚུར་སེམས་བྱམས་ཀྱིས་བཟོས་པའི་དུང་སེམས་གཉིས། །

ལྷན་ཅིག་རྒྱང་ན་སྐྱོད་པའི་ངང་ཚུལ་དྲན། །

ཟླ་བའི་གཟི་ཉམས་མ་ཤོར་མཚོ་ལ་འཐིམ། །

དུང་སེམས་ངང་མོ་མ་སྐྱོ་ཆུ་ལ་བཞད། །

མཛའ་བ་ཆུ་སྐྱར་མ་སྡུག་མཚོ་ལ་འདྲེས། །

བྱམས་པ་མཛའ་མོ་ཞིག་དང་ཁོ་བོ་དྲན། །

ཟླ་བསིལ་འོད་ཀྱི་སྣང་བ་ཕྱོགས་ཀུན་ཏུ། །

མ་བཀོད་མཛེས་འཛུམ་བགད་པའི་ཚོར་ཡན་དུ། །

ནང་སེམས་འོད་ཀྱིས་ཁྱབ་པའི་ས་ཆ་དང་། །

ཟླ་འོད་གང་གིས་བཞུད་ས་ཁྱད་ཅང་མེད། །