དང་པོ་ན་ཆུང་གི་ལང་ཚོས། །
ནང་སེམས་དུམ་བུ་རུ་བཏུབ་སྟེ། །
ཚོར་ཡིད་ངམ་ངམ་གྱིས་འཁྱེར་གྱིན། །
དགའ་བའི་སྣང་ཡན་གྱིས་བསྒྱུར་ཐལ། །
གཞིས་ཆུང་སྤང་ཐང་གི་ལྷས་ན། །
འབྲི་མཛོའི་འབའ་སྒྲ་ཡི་ཁྲོད་དུ། །
ན་ཆུང་སེམས་སོང་གི་མེ་ཏོག །
དབང་མེད་ཡིད་མཁའ་རུ་བཞད་བྱུང་། །
ལོ་ཟླའི་འཆར་སྒྲོས་ཀྱི་རྗེས་སུ། །
ཟུར་མིག་ཁྲ་ཁྲ་ཡིས་དེད་དེ། །
ཁྱོད་ཤུལ་རེ་རེ་ནས་སྙེག་གིན། །
ལྷ་ཆུང་དགའ་ཚལ་དུ་འཛོམས་བྱུང་། །
ཁྱོད་ལུས་དཔག་བསམ་གྱི་ལྗོན་པ། །
ཞལ་རས་འཛུམ་འཛུམ་གྱི་ལྷ་ངོ་། །
སྙན་དབྱངས་དུང་དཀར་གྱི་རང་སྒྲ། །
མ་འབད་རང་སེམས་སུ་ལུས་སོང་། །
ཤེལ་ལེབ་གྲུ་བཞི་ནས་རྒྱུད་ཀྱིན། །
འཚོ་བའི་དཀའ་སྡུག་གི་འགྱུ་བག །
མ་བཅོས་སྙིང་གཏམ་གྱི་ཚིག་གསུམ། །
བཤད་བཤད་ནང་སེམས་སུ་འཐིམ་སོང་། །
དགའ་བ་རྒྱ་མཚོ་ལ་འཐིམ་ཡོད། །
བརྩེ་བ་དྭངས་གསལ་གྱིས་བཞད་ཡོད། །
དུང་སེམས་རྦ་རླབས་ཀྱིས་འཁྱིལ་ཡོད། །
འུ་གཉིས་བརྩེ་དུང་གིས་བསྲུངས་ཡོད། །
ལས་དབང་གནམ་རྒྱལ་གྱི་བཀོད་པས། །
ལས་འདྲིས་བྱམས་པ་ཞིག་གྱུར་བྱུང་། །
ལས་མཐུན་སྙིང་ཉེ་མ་ཁྱོད་རང་། །
ལས་འགྲིག་ཁོ་བོ་དང་འཚོ་འགྲོ། །
འུ་གཉིས་བརྩེ་དུང་གི་གཏན་ཚིགས། །
མི་འདོད་ཁ་ལོ་རེ་བསྒྱུར་ཀྱང་། །
འགྱུར་མེད་ཁ་དན་གྱི་ཚིག་གིས།
མི་འབྲལ་ཚེ་ལུས་འདི་བརྟན་འགྲོ། །
ཞེ་འདང་འོ་ཆུ་ཡི་མཚོ་མོ། །
ངེད་གཉིས་ཡིད་མཁའ་ལ་འདྲེས་ཤིང་། །
ནམ་ཟླ་ཆ་མེད་ནས་བརྩམས་ཏེ། །
བརྩེ་མདུད་དམ་ཚིག་གིས་དཀྲིས་ཡོད། །
སྙིང་སྡུག་ཚིག་གསུམ་གྱི་ཡིག་འབྲུ། །
ལས་ཀྱི་ཁ་ཡིག་ཏུ་བྲིས་ཤིང་། །
ཚེ་སྐལ་ལས་དབང་གི་མེ་ཏོག །
འདི་སྣང་འཆར་ཡན་ལ་རོལ་འགྲོ། །