国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོལ་རྩོམ།

སོང་སོང་སོང་ཟིན་འདི་ཡིན་འདི་མིན་ཞིག་མ་ཐོན། །

བྱས་བྱས་བྱས་ཟིན་འདི་འགྲུབ་འདི་འཇོན་ཞིག་མེད་ཀི །

འཁོར་འཁོར་འཁོར་གྲུ་འདི་ན་ལས་དབང་གིས་གསོན་པས། །

འཁྱམ་འཁྱམ་འཁྱམ་པས་ཚེ་རབས་ཐར་དུས་ཤིག་མེད་ཐལ། །

རེ་དཀར་ཕུགས་འདུན་སྨོན་ཚིག་ཨ་སྔོན་ལ་བཏབ་སྟེ། །

ཀྱག་ཀྱོག་ལམ་ཕྲན་དོག་མོ་རྐང་ཐང་གིས་བརྒལ་ནས། །

འཆར་ཁའི་ཉི་གཞོན་གསལ་བའི་ལང་ཚོ་རང་མེད་ཀྱང་། །

བདག་འདུན་ཡིད་ཀྱི་དྲོད་ཁོལ་ད་དུང་ཞིག་མི་ཡལ། །

རེས་སྐྱིད་འཛུམ་ཆུང་མ་འབོར་དགའ་སྟོན་གྱི་རི་མོ། །

རེས་འགའ་སྐྱིད་ཀྱིས་བྲིས་པའི་སྣང་ཚུལ་དེ་མཛེས་ཀྱང་། །

རེས་སྡུག་མིག་ཆུ་འཁོར་བའི་སྡུག་བསྔལ་གྱིས་གཙེས་དུས། །

རེས་གདུང་ཨ་ཐང་ཤོར་བའི་གླུ་ཆུང་ཡང་ཐལ་སོང་། །

ཚོགས་དྲུག་ཡུལ་ལ་གཡེང་ནས་ཉུལ་མ་དེ་བྱེད་ཀྱིན། །

དོན་མེད་ཚེ་ཕྱེད་སོང་བའི་ཕྱི་འདང་རེ་བརྒྱབ་ན། །

འདས་ཟིན་སླར་ཡང་བསྒྲུབ་པའི་སྐལ་བ་ནི་མེད་པས། །

འགྱོད་ཀྱང་རང་སེམས་གཟིར་བའི་རྒྱུ་རྐྱེན་ལས་ཅི་བྱ། །

ལས་ཀྱི་འདུན་མ་འགྲིག་པའི་སེམས་སོང་གི་མེ་ཏོག །

བསྐལ་བའི་ཚོགས་ཀྱིས་བསྐྲུན་པའི་དེ་རིང་གི་ཉིན་བཟང་། །

དྲན་གྱིན་ཚེ་གཅིག་མི་འགྱུར་ཁ་དན་ལ་བསམས་ནས། །

ལས་སྨོན་རྟེན་འབྲེལ་རེ་རེས་ཚིག་འདང་དེ་ལོས་ཆེ། །