国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་གསུམ་པའི་ཁྲིམས་དཔོན་ཕིང་དབྱིན་གྱིས་སེམས་ནུས་ཡོད་རྒུས་དམངས་དོན་འགལ་ཟླ་རྩོད་གཞི་བསལ།

ཕིང་དབྱིན་ཡུལ་དངོས་སུ་གྱོད་དོན་རྒྱུས་ལོན་དུ་འགྲོ་བཞིན་པ།

ཕིང་དབྱིན(གཡོན)གྱིས་དོ་བདག་དང་ཁ་བརྡ་བྱས་ནས་སེམས་ནད་སེལ་བཞིན་པ།

གྱོད་གཞིའི་འབྱུང་རྐྱེན།

2022ལོའི་སྤྱི་ཟླ7པའི་ཚེས27ཉིན། ཞུ་སྦྱོར་སྔ་མ་ཀྲང་སན(མིང་ཚབ)དང་ཞུ་སྦྱོར་ཕྱི་མ་ལི་སི(མིང་ཚབ)གཉིས་ཀྱིས་ངག་ཐོག་གྲོས་མཐུན་བཞག་པ་སྟེ། ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མའི་མདོ་ཤོད་གྲོང་སྡེར་ཡོད་པའི་པང་ཁང་བསྐྲུན་རྒྱུ་འགན་གཙང་ལེན་བྱས། རིན་གོང་བསྡོམས་པས་སྒོར37640ཡིན། ཞུ་སྦྱོར་ཕྱི་མ་ལི་སི་ཡིས2021ལོའི་སྤྱི་ཟླ11པའི་ཚེས20ཉིན་སྒོར18000སྔོན་ལ་སྤྲད་པར་མ་ཟད། སྤྱི་ཟླ12པར་ལས་མཇུག་བསྒྲིལ་རྗེས་འཕྲོ་དངུལ་སྤྲད་རྒྱུའི་ཁས་ཀྱང་བླངས། ཡིན་ནའང་ཞུ་སྦྱོར་ཕྱི་མ་ལི་སི་ཡིས་ལས་གྲྭའི་འཕྲོ་ལུས་དངུལ་ཆད་འགྱངས་བྱས། 2022ལོའི་སྤྱི་ཟླ6པར་སྒོར3000དང2023ལོའི་སྤྱི་ཟླ4པར་སྒོར3000སྤྲད་པ་ལས་དེ་མིན་འཕྲོ་ལུས་སྒོར13640ལྷག་འདེད་ལེན་ཐེངས་མང་བྱས་ཀྱང་སྤྲད་མེད།

2024ལོའི་སྤྱི་ཟླ2པར། ཞུ་སྦྱོར་སྔ་མས་ཐབས་ཟད་དེ་འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་རེ་བ་བཏོན་ཡོད།

ངལ་བ་དང་དུ་བླངས་ནས་མི་འཚོལ།། ལས་འགན་ཕྲག་ཏུ་ཁུར་ནས་དོན་སྒྲུབ།།

སྒོར་ཁྲི་གསུམ་ལྷག་གི་པང་ཁང་སྐྲུན་པའི་ལས་གཞིར་ཞུ་སྦྱོར་སྔ་མས་བཟོ་སྐྲུན་གྱི་གྲོན་དངུལ་ཡུན་རིང་ལ་མ་ལོན་པས་འདེད་ལེན་ཐེངས་མང་བྱས་ཀྱང་ཞུ་སྦྱོར་ཕྱི་མས་ཐེངས་རེར་སོ་སྨན་བཙིར་བ་ལྟར་ཉུང་ཆས་ཙམ་ལས་མི་སྤྲད། དེའི་རྗེས་ཞུ་སྦྱོར་ཕྱི་མས་ལོ་གཅིག་ལྷག་གི་རིང་ལ་འཕྲོ་ལུས་སྒོར་ཁྲི་གཅིག་ལྷག་མི་སྤྲད་ནས་གཡོལ་ཐབས་བྱས་ཏེ་ཁ་པར་མི་ཉན་པར་མ་ཟད་ག་སོང་ཆ་མེད་དུ་གྱུར། དེར་བརྟེན། འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་རྒན་པ་ཕིང་དབྱིན་གྱིས་གྱོད་གཏུག་གནད་དོན་དེར་ཐག་གཅོད་འདི་ལྟར་བྱས་པ་རེད།

གྱོད་དོན་འདི་ཉམས་མྱོང་ཡོད་པའི་ཁྲིམས་དཔོན་རྒན་པ་ཕིང་དབྱིན་གྱི་ལག་ཏུ་སྤྲད་རྗེས། མོས་ཞུ་སྦྱོར་ཕྱི་མ་ལི་སི་ལ་དུས་འགོའི་བཅའ་ཁྲིམས་ཡིག་ཆ་སྤྲོད་པའི་སྐབས་སུ། ཞུ་སྦྱོར་ཕྱི་མ་ལི་སི་ཡི་ཁ་པར་ཉན་མཁན་མེད་པའམ་རྒྱག་མི་ཐུབ་པ་གྱུར་པས་ཡིག་ཆ་སྐྱེལ་ཐབས་བྲལ་བའི་གནས་སུ་གྱར།

གྱོད་གཞི་རྩིས་ལེན་བྱས་པའི་ཉིན་གསུམ་པར། ཞུ་སྦྱོར་སྔ་མ་ཀྲང་སན་གྱིས་ཕིང་དབྱིན་བཙལ་སར་འོངས་ནས་ལོ་འདིའི་ནང་ཞུ་སྦྱོར་ཕྱི་མ་ལི་སི་ཡིས་བུ་ལོན་ལས་གཡོལ་ནས་ཁ་པར་གཏན་ནས་ཉན་གྱིན་མི་འདུག། ད་རུང་སྒོར་ཁྲི1ལྷག་སྤྲད་མ་བྱུང་། ངས་ཁྲིམས་དཔོན་ཁྱེད་ལ་དཀའ་ལས་བཟོ་མི་འདོད་ཀྱང་དངོས་གནས་བྱེད་ཐབས་གཞན་མི་འདུག། ཁྲིམས་དཔོན་ཁྱེད་ཀྱིས་ང་ལ་རོགས་རམ་བྱ་རོགས་ཞེས་ཟེར། ཁྲིམས་དཔོན་ཕིང་དབྱིན་གྱིས་གནས་ཚུལ་དངོས་ལ་རྒྱུས་ལོན་ཞིབ་ཚགས་བྱས་རྗེས་ཞུ་སྦྱོར་སྔ་མར་ཁྱོད་ཀྱིས་ལི་སིའི་སྡོད་གནས་གང་ཡིན་པ་ཤེས་སམ། ཡང་ན་ཁོ་རྒྱུན་དུ་ས་ཆ་གང་དུ་འགྲོ་བཞིན་ཡོད་པ་ཨེ་ཤེས་ཞེས་དྲིས། ཞུ་སྦྱོར་སྔ་མས་ཁོ་ཕལ་ཆེར་མདོ་ཤོད་གྲོང་སྡེར་ཡོད་རྒྱུ་རེད་ཅེས་བཤད།

ཁྲིམས་དཔོན་ཕིང་དབྱིན་གྱིས་བསམ་བློ་གང་མང་བཏང་རྗེས་མཚོ་འཕགས་སྨི4000ལྷག་ཡོད་པའི་མདོ་ཤོད་གྲོང་སྡེར་ཞུ་སྦྱོར་ཕྱི་མ་འཚོལ་བར་འགྲོ་རྒྱུའི་ཐག་བཅད། ལོ་འདིའི་ནང་ཕིང་དབྱིན་ནད་དབང་གིས་སྨན་ཁང་དུ་ཐེངས་གཉིས་ལ་བསྡད་དགོས་ཐུག་ཡོད་པས་གཟུགས་ཁམས་དེ་ཙམ་བདེ་པོ་མེད་པའི་ཐོག། ད་ཐེངས་ཀྱང་གནས་ཚུལ་འདི་འདྲའི་འོག་མདོ་ཤོད་གྲོང་སྡེར་སྐྱོད་པའི་ལམ་བར་དུ་མོ་ལ་སླར་ཡང་གཟུགས་པོར་མི་བདེ་བའི་ནད་རྟགས་ཐོན་ཡོད། ཁ་ལོ་བ་དང་དྲུང་ཡིག་གིས་མོར་ད་ཐེངས་སྐྱུར་བཞག་ནས་རྗེས་མ་གནམ་གཤིས་ཇེ་དྲོར་སོང་དུས་འཚོལ་ན་མི་འགྲིག་གམ་ཞེས་བཤད་ཀྱང་ཕིང་དབྱིན་གྱིས་ལས་འགན་ཕྲག་ཏུ་ཁུར་ནས་ལུས་ཕུང་མི་བདེ་བའི་ཚོར་བ་བཟོད་བསྲན་བྱས་ཏེ། ང་ལ་སྐྱོན་མེད། ད་དུང་རྒྱུན་འཁྱོངས་བྱ་ཐུབ། མུ་མཐུད་ནས་མདུན་དུ་འགྲོ་དགོས། ཞུ་སྦྱོར་སྔ་མ་ཀྲང་སན་ལ་དངུལ་དེ་དགོས་མཁོ་ཆེ་བས་ང་ཚོས་མཚམས་འཇོག་མི་རུང་། དེ་རིང་ངེས་པར་དུ་ལི་སི་བཙལ་ཐུབ་དགོས་ཞེས་བཤད། ལི་སི་ཚང་ཡོད་སའི་སྡེ་བར་ཐོན་དུས་ལི་སི་ཁྱིམ་དུ་མེད་པས་ཕིང་དབྱིན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁྱིམ་མཚེས་ལ་སྐད་ཆ་དྲིས་ཀྱང་ལན་གསལ་ལ་མི་གསལ་ཙམ་མ་གཏོགས་ཕན་ཐོགས་ཡོད་པའི་སྐད་ཆ་མ་རྙེད། དེ་རྗེས་འགྱོད་པ་དང་ངལ་དུལ་ཁྲོད་ནས་ཕྱིར་མི་ལོག་ཀ་མེད་བྱུང་།

ཡིན་ནའང་ཕིང་དབྱིན་གྱིས་ཞུ་སྦྱོར་ཕྱི་མ་ལི་སི་བཙལ་རྒྱུར་མཚམས་མ་བཞག་པར་ས་གནས་དེ་གའི་མི་ངོ་ཤེས་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་སོགས་ལ་འབྲེལ་གཏུག་བྱས་ཏེ་ཁོ་ཚོར་ལི་སིའི་གནས་ཚུལ་དྲིས།

བློ་རྩེ་གཅིག་ཏུ་བསྒྲིམས་ནས་འདུམ་འགྲིག་བྱས།། འཛིང་རྩོད་གྱོད་གཞི་བསྡུམས་ནས་མཐུན་འགྲིག་བཟོས།།

བརྩོན་འགྲུས་ལྡན་ན་མི་འགྲུབ་གང་ཡང་མེད་ཟེར་བ་ལྟར།ཉིན10ཡི་རྗེས་ནས་ཕིང་དབྱིན་ལ་ཁ་པར་ཞིག་ཐོན་ནས་ཞུ་སྦྱོར་ཕྱི་མ་ལི་སི་མདོ་ཤོད་གྲོང་སྡེའི་ཁྱིམ་དུ་བསྡད་འདུག་ཤེས་འཕྲལ་དུ་ཕིང་དབྱིན་དང་བཅས་པ་ལི་ཚང་དུ་བསླེབས་ཀྱང་ཡང་ཁྱིམ་སྟོང་དང་འཕྲོད་པ་རེད། དེ་ནས་ས་གནས་དེ་གའི་ཡུལ་ཤོག་སྲིད་གཞུང་དུ་བསྐྱོད་ནས་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་གཞོགས་འདེགས་བྱས་ནས་མི་འཚོལ་རོགས་བྱས་པས་མཐར་ཞུ་སྦྱོར་ཕྱི་མ་ལི་སི་རྙེད་ཐུབ་ཡོད།

ཁྲིམས་དཔོན་ཕིང་དབྱིན་གྱིས་ཞུ་སྦྱོར་ཕྱི་མ་ལི་སི་མཐོང་དུས་ཁོ་ལ་བཀའ་བཀྱོན་གང་ཡང་མ་བྱས་པར་ངང་རྒྱུད་རིང་པོས་ཁ་བརྡ་མང་པོ་བྱས། བུ་ལོན་ལས་གཡོལ་ཐབས་ཁོ་ན་བྱས་ན་གནད་དོན་ཐག་གཅོད་མི་ཐུབ་པའི་གནས་ལུགས་མང་པོ་བཤད་པར་མ་ཟད་ཁོའི་བསམ་ཚུལ་དང་རྩོད་གླེང་གི་གནད་དོན་ལ་རྒྱུས་ལོན་ཟབ་མོ་བྱས། མཐར་ཞུ་སྦྱོར་ཕྱི་མ་ལི་སི་ཁྲིམས་ཁང་དུ་འདུམ་འགྲིག་བྱེད་དུ་ཡོང་བའི་འཐད་པ་བྱུང་།

འདུམ་འགྲིག་ཁང་དུ་ཐོག་མར་དོ་བདག་ཕྱོགས་གཉིས་ཀྱི་གདོང་ལ་ཁྲོ་ཉམས་ཀྱིས་ཁེངས་ཤིང་ཕན་ཚུན་སྡང་མིག་བགྲད་རེས་བྱས། ཞུ་སྦྱོར་སྔ་མས་བཤད་པ་ལྟར་ན་ཞུ་སྦྱོར་ཕྱི་མས་བུ་ལོན་ཆད་འགྱངས་བྱས་པར་བརྟེན་ཁོའི་ཚོང་ལས་མ་དངུལ་གྱི་འཁོར་རྒྱུག་ལ་གནོད་པ་ཐེབས་བྱུང་ཟེར་བ་དང་། ཞུ་སྦྱོར་ཕྱི་མས་བཤད་པ་ལྟར་ན། ཞུ་སྦྱོར་སྔ་མས་འཛུགས་སྐྲུན་སྤུས་ཚད་ལེགས་པོར་མེད་པས་རང་ཉིད་ལ་གྱོང་གུན་བཟོས་སོང་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པ་རེད།

ཕིང་དབྱིན་གྱིས་གྱོད་གཞི་འདིར་འདུམ་འགྲིག་ལེགས་པོ་ཞིག་བྱ་དགོས་ན་ཐོག་མར་ངེས་པར་དུ་ཕྱོགས་གཉིས་ཀྱི་ཁོང་ཁྲོ་དང་འཁང་ར་མེད་པ་བཟོས་ནས་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུག་རྗེས་གཞི་ནས་འདུམ་འགྲིག་འགོ་འཛུགས་ཆོག་པར་སྙམ་སྟེ། དོ་བདག་ཕྱོགས་གཉིས་ངོ་མི་འཕྲོད་པའི་འདུམ་འགྲིག་བྱེད་ཐབས་སྤྱད་དེ་ངང་རྒྱུད་རིང་པོས་ཁོ་ཚོའི་སྐད་ཆ་ལ་ཉན་པ་དང་རྩོད་གླེང་གི་གནད་འགག་གསེད་བཤེར། དེ་ནས་ཕྱོགས་གཉིས་ཀས་མི་སར་རང་བཞག། རང་སར་མི་བཞག་པའི་ཁྲིད་སྟོན་ཤོག་བུ་སྣུམ་བཟོས་ལྟར་བྱས་ཤིང་། ཚུལ་མཐུན་ལུགས་མཐུན་གྱིས་འདུམ་འགྲིག་བསམ་འཆར་བཏོན་པར་བརྟེན། ཕྱོགས་གཉིས་པོའི་ཁོང་ཁྲོ་རིམ་གྱིས་ཞི་བ་དང་། མཇུག་མཐར་འདུམ་འགྲིག་གི་གྲོས་མཐུན་བྱུང་ནས་ཕན་ཚུན་མཐུན་ལག་འཇུ་རེས་བྱས་ཡོད། ཕིང་དབྱིན་གྱིས་ཚུལ་དེར་མཐོང་དུས་གདོང་ལའང་འཛུམ་དཀར་གྱིས་ཡོངས་སུ་ཁེངས།

ཕིང་དབྱིན་གྱིས་རྒྱུན་དུ་དམངས་དོན་གྱོད་གཞི་ནི་བཅའ་ཁྲིམས་ཀྱི་དོན་ཚན་རྒྱས་འགེབས་ཁོ་ན་ཙམ་མ་ཡིན་ལ། མི་གཤིས་དང་བརྩེ་དུང་ལ་གསལ་རྟོགས་ཟབ་མོར་བྱས་ཏེ། ཁྲིམས་ལུགས་དང་བརྩེ་དུང་བར་ཇི་ལྟར་དོ་སྙོམས་ཡོང་བར་བྱ་རྒྱུ་ནི་ཁྲིམས་དཔོན་གྱི་ནམ་ཡང་བསྐྱུར་དུ་མི་རུང་བའི་སྒྲུབ་གཞི་ཞིག་རེད་ཅེས་བཤད་པ་རེད།།

༼ ཀུན་དགའ་བསམ་གཏན་གྱིས་བསྒྱུར། ༽