国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པའི་ཚན་པ་ཁ་བ་ཅན་ལ་ཉེ་བར་མཁོ་བའི་རིན་ཆེན་འབྲུའི་ཤེས་བྱ།

ཧོར་ཁོག་ཟླ་བཟང་གིས་བྲིས།

(《 ཁམས་པའི་འཛུམ་མདངས། 》 སྤྱིའི་འདོན་ཐེངས་བཞི་བརྒྱ་ང་གསུམ་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )

ལ་ཕུག་ནི་ཁང་པའི་ཉེ་འགྲམ་དུ་བཏབ་པ་ཡིན། དུད་ཚང་ཕལ་མོ་ཆེའི་ཁང་པའི་ཉེ་འགྲམ་ན་སྔོ་ཚལ་གདབ་སའི་ཞིང་ས་ཆུང་ཆུང་ར་བ་ཅན་རེ་ཡོད་ཅིང་མིང་ལ་ལ་ར་ཞེས་བཏགས་པ་ལས་ལ་ཕུག་ནི་ཡུལ་འདིར་སྔོ་ཚལ་གྱི་རིགས་སྔ་ཤོས་དང་འབེལ་ཤོས་དེ་ཡིན་པ་ཤེས་ཐུབ། བཏབ་དུས་ས་ངོས་འཇམ་པོ་རྡོ་དང་པོ་ཐོ་སོགས་མེད་པར་བྱས་རྗེས་བར་ཐག་རན་པས་དོང་སྙིམ་པ་ཙམ་རེ་བརྐོས། དེར་ས་བོན་འབྲུ་རྡོག་གཅིག་གཉིས་རེ་འཕངས་ཏེ་ཁ་ལེགས་པར་བསུབ་ན་ཆོག་པ་ཡིན། ལ་ཕུག་ཅེས་པའི་མིང་འདི་བལྟས་ན་རྒྱ་སྐད་ཟུར་ཆགས་པ་ཞིག་དང་འདྲ་ན་ཡང་། རྒྱ་སྐད་དུ་ད་དུང་གཞན་ཡང་དཔེར་ན་ཁུང་དང་། དོང་། དུག། བཅུད། མིང་། ཐོས། ཁ། མིག་སོགས་ཀྱི་དོན་སྟོན་པའི་མིང་རྣམས་བོད་སྐད་ཀྱི་ཐ་སྙད་འདི་དག་དང་སྒྲ་གདངས་ཕྱོགས་མཚུངས་པ་ལྟ་བུ་མང་པོ་ཡོད། མི་རྒན་པ་ཚོས་དུས་རབས་ཉི་ཤུའི་འགོ་ནས་ཡུལ་འདིར་ལ་ཕུག་ཡོད་པར་མ་ཟད་རིགས་ལའང་རྒྱའི་ལ་ཕུག་དང་བོད་ཀྱི་ལ་ཕུག་ཅེས་དབྱེ་བ་གཉིས་ཡོད་པ་བཤད། དུས་རབས་སྔ་མའི་མཇུག་ཏུ་ཡུལ་འདིའི་ལ་ཕུག་གི་ཁ་དོག་ལ་དམར་པོ་དང་དཀར་པོ་གཉིས་ཡོད། ལ་ཕུག་རྨོད་འདེབས་ནི་འབྲུ་རིགས་གཞན་རྣམས་ལས་དུས་ཅུང་འཕྱི་བ་སྟེ། ཞིང་རྨོས་ནས་ཁམ་ཤིང་ལ་མེ་ཏོག་ཤར་དུས་གཞི་ནས་ས་བོན་འདེབས་ལ་སྟོན་རྒྱབ་ཏུའང་འབྲུ་རིགས་གཞན་པ་རྣམས་བསྡུས་རྗེས་ད་གཟོད་བལ་བ་ཡིན། རྒྱུ་མཚན་ནི་བཏབ་སྔ་སོང་ན་སྟོན་ཀར་འབལ་སྔ་དགོས་ལ། དེ་སྔ་སོང་ན་ལ་དོང་ནང་དུ་རུལ་བའི་ཉེན་ཁ་ཡོད་པ་དང་། ས་འཁེངས་ལ་ཉེ་བའི་སྐབས་སུ་བལ་ན་གཟུགས་ཆེ་ལ་རོ་མངར་བར་ཡོད་པས་ཡིན་ཟེར། ལ་ཕུག་ནི་འབྲས་བུ་རློན་པ་ཟ་ཆོག་པར་མ་ཟད་ལོ་མ་སྔོན་པོའང་ཟ་རུང་བ་ཞིག་སྟེ། དབྱར་ཀར་ལོ་མ་ལ་ཚྭ་བཏབ་ནས་རྩམ་པའི་སྤོད་ཡ་བྱས་ན་ཤིན་ཏུ་ཞིམ་པོ་ཡོད། སྟོན་རྒྱབ་ཏུ་ས་དོང་དུ་སྦས་ནས་ཉར་ཚགས་བྱེད་ཅིང་། ཐུག་པ་བསྐོལ་བ་དང་། ཤ་དང་བསྲེས་ནས་མོག་མོག་བཅའ་བ། ཤ་དང་མཉམ་དུ་བཙོ་བ། ཕྲ་མོར་གཏུབས་ནས་རློན་པར་ཟ་བ་སོགས་བྱེད་ཆོག། ཟོས་ན་ཟས་འཇུ་བར་ཕན་ཐོགས་ཡོད་པས་མི་རྒན་པ་ཚོས་ཞུ་སྨན་ཡིན་ཞེས་གཙིགས་ཆེན་བྱས་ནས་ཟ་བའང་ཡོད། དཔྱིད་ཀའི་དུས་སུ་ལ་ཕུག་རང་ཉིད་ཐད་ཀར་ས་བོན་དུ་བཏབ་པའི་འབྲས་བུར་ལ་ཕུག་གི་ས་བོན་ཆགས་པ་ཡིན། གཞན་ལ་ཕུག་གི་རིགས་སུ་གྱུར་པར་ལ་སེར་རམ་གུང་ལ་ཕུག་ཅེས་པ་ཞིག་ཡོད་ཀྱང་། སྐྱེ་སྟོབས་ཞན་པས་ཡུལ་འདིར་སྔོན་ཆད་རྨོད་འདེབས་བྱེད་མཁན་མང་པོ་མེད།

ལ་ཕུག་ཐོག་མར་འབྱུང་བའི་ཁུངས་ནི་ཡོ་རོབ་དང་ཡ་གླིང་གི་ས་ཆ་དྲོ་ས་རྣམས་ཡིན་ཞིང་ལོ་བཞི་སྟོང་ལྔ་བརྒྱའི་སྔོན་ནས་མིའི་རིགས་ཀྱི་ཁ་ཟས་རིགས་སུ་གྱུར་ཟིན། ལ་ཕུག་ལ་ཆུ་མང་པོ་འདུས་པར་མ་ཟད། འཚོ་བཅུད་ག་པ། ལིན། ལྕགས། ཅཱ། ཀལ། འདབ་སྐྱུར། འཇུ་བྱེད་རྩབས་སོགས་གཏེར་རྫས་ཀྱི་ཆ་ཡང་འདུས་ཚད་མཐོ་བས་བཟོས་ན་ལུས་ཕུང་ལ་ཆུ་ཁ་གསབ་བྱེད་པ་དང་། ཟས་ཞུ་ཞིང་འཇུ་བ། ཡི་ག་འབྱེད་པ། སྐྲན་ནད་འགོག་པ། རིམས་འགོག་ནུས་ཤུགས་འཕེལ་བ། དུག་ཕྱིར་དེད་པ། ཁ་དོག་དཀར་བ། གཞོན་ཤ་ཆགས་པ་སོགས་ཀྱི་བྱེད་ནུས་ཡོད་དོ།།

རང་རིགས་ཀྱི་གསོ་གཞུང་རྒྱུད་བཞི་ལས། ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེས།། ནར་སོན་ལྕི་བསིལ་བན་ཀན་སྐྱེད་པར་བྱེད།། ཅེས་པ་དང་། རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་དུ། ལ་ཕུག་གི་རྩ་བའམ་ཁ་ལོ་གང་ཡང་རུང་སྟེ་གཞོན་ནུ་གསར་པ་ནི་ཡང་དྲོ་དང་ལྡན་པས་མེ་དྲོད་བསྐྱེད་ཅིང་ཉེས་པ་གསུམ་ག་སེལ་བ་དང་། ནར་སོན་ཏེ་ལ་ཕུག་རྒན་པོ་ནི་ལྕི་བསིལ་དུ་གྱུར་པས་བན་ཀན་ལ་སོགས་པའི་ཉེས་པ་བསྐྱེད་པར་བྱེད་པ་དང་ཞེས་དང་། དེ་ཉིད་དུ་ད་དུང་། སློབ་དཔོན་གྱིས། ཡུངས་ཀར་ཚོད་མ་ལྕི་ཞིང་ཚ།། བཤང་དང་གཅིན་འགག་ཉེས་ཀུན་བསྐྱེད།། ལ་ཕུག་གཞོན་ནུ་རོ་མི་གསལ།། ཅུང་ཟད་ཚ་དྲོ་ཁ་དང་བཅས།། གང་ཡིན་དེ་ནི་ཉེས་ཀུན་སེལ།།ཡང་ཞིང་ཅུང་ཟད་ཚ་བ་དང་།། སྐྲན་དང་ལུད་གཅོང་དབུགས་མི་བདེ།། རྨ་དང་མིག་ནད་ལྐོག་ནད་སེལ།། སྐད་འགགས་དྲོད་ཆུང་རྟུག་སྐམ་དང་།། ཆམ་པའི་ནད་ནི་འཇོམས་པར་བྱེད།། ནར་སོན་རོ་དང་ཞུ་རྗེས་ཚ།། དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་བསྐྱེད།། བན་ཀན་བསྐྱེད་ཅིང་བཙོས་པ་ཡིས།། སྣུམ་ཞིང་དེ་ཡང་རླུང་སེལ་ཡིན།། སྐམ་པོ་རླུང་ནད་བན་ཀན་སེལ།། རྗེན་པ་ཐམས་ཅད་ཉེས་བསྐྱེད་ཡིན།། ཞེས་དང་ལ་ཕུག་ཚོད་མས་ནི་དྲོད་བསྐྱེད་ཅིང་རླུང་ལ་ཕན་པ་བཅས་གསུངས་སོ།།

ཡུང་མ་ནི་ས་ཆ་སོ་སོ་ན་རང་རང་གི་དགོས་མཁོ་དང་བསྟུན་ནས་འདེབས་མི་འདེབས་ཅི་རིགས་ཡོད་ལ། ས་མཐོ་བའི་གྲོང་པ་འབྲུ་རིགས་གཞན་ཡག་པོ་མི་སྐྱེ་པ་དེ་དག་ན་གཙིགས་སུ་བཟུང་ནས་འདེབས་མཁན་ཤིན་ཏུ་མང་། དེ་ནི་སྐྱེ་སླ་ཞིང་ཚགས་དཀའ་མོར་བྱེད་མི་དགོས་ལ་འབྲས་བུ་ཕྱུག་པར་མ་ཟད། བཅུད་ཆེ་བས་མུ་གེ་སོགས་དཀའ་ངལ་བྱུང་སྐབས་སྐེ་ལ་བཏགས་ནས་དྲི་མ་བརྔུབས་ནའང་ཕན་ཆེན་པོ་ཡོད་པ་དང་། རྩྭ་སྔོན་ཀུན་གྱི་མ་ཞེས་དཔྱིད་ཀར་ཕྱུགས་ཟོག་གསོས་ནའང་གཟན་ཀུན་ལས་སོས་ཆེ། དེ་བཞིན་མཐོ་སར་འཛེག་སྐབས་སུ་ཡུང་མ་བཙོས་མ་སྐམ་པོ་ཟོས་ན་ལ་དུག་གི་ནད་སེལ་བའི་ནུས་པ་ཆེ་བ་སོགས་སྤྱོད་སྒོ་མང་བའི་དབང་གིས་རེད། ས་བོན་འདེབས་པའི་དུས་སུ་གོ་ཐལ་སོགས་དང་མཉམ་དུ་བསྲེས་ཏེ་སྲན་ནས་གྱི་ས་བོན་འདེབས་པ་བཞིན་ས་སབ་སོབ་ཏུ་བཀྲམ་རྗེས་སྡོང་དུམ་འདྲུད་པ་དང་སབ་ཤལ་གྱིས་ཕྱགས་པ་སོགས་ཀྱིས་ས་ངོས་ཕྱོགས་ཙམ་བསློགས་པས་ཆོག་པ་སོགས་སོ་ནམ་ཤིན་ཏུ་སྟབས་བདེ། ཡུང་མའི་ཁ་ལོ་ལས་སྣོན་བྱས་པར་ལོ་སྐྱུར་ཞེས་རྩམ་པའི་སྤོད་ཡ་མཆོག་ཏུ་གྱུར་པ་ཞིག་ཡིན། དཀར་མཛེས་ཡུལ་གྱི་ལྟེ་བའི་ས་ཆ་དག་ན་ཡུང་མ་བཙོས་མ་སྐམ་པོ་ལ་ཉག་སྐམ་ཞེས་འབོད། དེ་ནི་སྔོན་ཆད་ཉག་སྐམ་དང་ལོ་སྐྱུར་འཚོང་མཁན་ཉག་རོང་བ་ལས་གཞན་མཐོང་དཀོན་པས་ཡིན་ཤས་ཆེ་ལ། ད་ལྟར་རྒྱ་ཁྲོམ་ན་རྒྱུན་དུ་ཚོང་ཟོང་དུ་བཤམས་ཡོད་དོ།། ཡུང་མ་ལ་གསོ་གཞུང་རྒྱུད་བཞི་ལས། ཉུང་མ་ཡང་དེ་བཞིན་དུག་ནད་མ་ལུད་བསྲུངས་ཞེས་པ་ལ་འགྲེལ་བ་མེས་པོའི་ཞལ་ལུང་དུ། ཉུང་མ་ཡང་། ལ་ཕུག་གཞོན་ནུ་དང་། ནར་སོན་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་གཞོན་ནུས་ལུས་ལ་ཕན་ཞིང་རྒན་པོས་གནོད་པ་བྱེད་པ་དང་། ཁྱད་པར་དུ་དུག་ནད་མ་ལུས་པ་བསྲུང་བར་བྱེད་པ་ཡིན་ནོ།། ཞེས་དང་ཉུང་མ་ཚ་ཞིང་དྲོ་བ་དང་།། བན་ཀན་རླུང་སེལ་མཁྲིས་པ་བསྐྱེད་ཅེས་གསུངས་སོ།།

གཞན་སྔོ་ཚལ་ལ། ད་དུང་ནས་དང་སྲན་མ་བཏབ་པའི་ཞིང་དང་མ་རྨོས་ནས་དབྱར་སློག་ཏུ་སྐྱ་སར་བཞག་པའི་ཞིང་སོགས་གང་ས་ཀུན་ན་པད་ཁ་མང་པོ་རང་ཤུགས་སུ་སྐྱེས་ཡོད་པས་ཞིང་པ་ཚོས་སྟོན་དུས་མགོ་སྨིན་རྗེས་ཡུངས་འབྲུ་བཏུས་ཏེ་གཞན་ལ་འཕྲུལ་ཆས་ཀྱིས་བཙིར་དུ་བཅུག་ནས་སྣུམ་ལེན་པར་བྱེད། པད་ཁའི་གཡིས་ལ་མར་ནག་ཟེར་ཞིང་དུད་ཚང་ཚགས་བཟང་པོ་རྣམས་ཀྱི་རང་གིས་བཟོས་པའི་མར་ནག་གིས་ལོ་གཅིག་ལ་ཟ་སྣེ་འདང་ཐུབ་པ་ཡིན། ད་ལྟར་ས་ཆ་ལ་ལ་ན་ཞིང་ནང་དུ་རྐང་བཙུགས་ནས་པད་ཁ་རྨོད་འདེབས་བྱེད་པའང་ཡོད་མོད། འོན་ཀྱང་པད་ཁའི་གཡིས་ལས་སྣོན་བྱེད་ཤེས་མཁན་ལ་བོད་པ་ཕལ་ཆེར་མི་འདུག། དོན་དངོས་སུ་སྐྱེས་སྟོབས་སོགས་གང་ཅིའི་ཆ་ནས་པད་ཁ་ནི་ཡུལ་འདིར་གྲོ་ནས་སྲན་གྱི་རྗེས་ལ་ཞིང་ལས་ཐོན་ཁུངས་བཟང་ཤོས་སུ་གནས་ཡོད་པས་གཞི་རྒྱ་ཆེན་པོས་ལས་སྣོན་བྱེད་རིན་ཡོད་ངེས་རེད། དེ་མིན་ད་དུང་དུད་ཚང་སོ་སོས་རང་གི་ཁང་སྔུན་རྒྱབ་ཀྱི་ལ་རའི་ནང་དུ་པད་ཚལ་དང་། ལོ་ཁོར་པད་ཚལ། པད་ལོག། གུང་ལ་ཕུག། ཙོང་། གླང་རྔ། སྒོག་པ། ཚལ་དཀར་སོགས་སྔོ་ཚལ་གྱི་རིགས་གང་སྐྱེས་འདེབས་མཁན་ཇེ་མང་དུ་འགྱུར་བཞིན་ཡོད། ཤུག་རི་གླིང་ཐང་དང་ཀ་བྲག་གྲོང་པ་སོགས་ས་མགོ་དམའ་སའི་གྲོང་པ་ཁ་ཤས་ན་ཆེད་དུ་དྲོད་ཆེ་སའི་ཞིང་དང་འགྱིག་གུར་སོགས་ཀྱི་ནང་དུ་སྔོ་ཚལ་གྱི་རིགས་རྨོད་འདེབས་བྱས་ནས་ཚོང་ལས་བྱེད་པའང་ཡོད་དོ།།

མི་ཡི་ཟས་སུ་སྤྱོད་རུང་པ་ལ་རྨོད་འདེབས་མི་དགོས་པའི་རི་སྐྱེས་ཀྱི་སྔོ་ལྡུམ་རིགས་ལ་གྲོ་མ་དང་། སྒོག་སྐྱ། འཛིམ་བུ། བྲག་ཛི། དཀར་ཤ། སེར་ཤ། བེར་ཤ་སོགས་ཤ་མོའི་རིགས། སྤང་ཤའམ་སྤང་སྐྱག། (མོག་རོ)གོ་སྙོད། ཁུར་མོང་། ཐ་རམ། པད་ཁ་གསར་པའི་ལོ་འདབ། འུ་སུ། ཟྭ། ལྕམ་པ། སྣེའུ། རམ་བུ། ཡུག་པོ། ཕོ་རིལ། ཀ་ཀོ་ལ་སོགས་རིགས་མང་པོ་ཡོད་ཀྱང་སྤྱིར་བཏང་ཡུལ་གྲུའི་ལུགས་སྲོལ་ལ་རྨོད་འདེབས་བྱེད་པའི་འབྲུ་རིགས་ལས་རང་བྱུང་གི་ཟས་སུ་རུང་བའི་རྩི་ཤིང་ལྡུམ་བུ་ལ་རྩ་ཆེན་གཙིགས་ཆེན་བཟུང་ནས་ལོངས་སུ་སྤྱོད་པར་མི་དགའ་ཞིང་། ཁྱད་པར་དུ་དུས་རབས་སྔ་མར་མུ་གེའི་དཀའ་ངལ་དངོས་སུ་འཕྲད་མྱོང་བའི་རྒན་རྒོན་དག་ནི་ད་ལྟ་ལའང་གྲོ་མ་བརྐོ་བ་དང་སྤང་ཤ་འཐུ་བའི་སྒྲ་ཐོས་པ་དང་རྟེན་འབྲེལ་ངན་པ་ཞེས་འཇིགས་དངངས་སྐྱེས་པར་གྱུར། རྒན་པ་འགའ་རེའི་ངག་རྒྱུན་དུ་ཡུལ་འདིའི་ས་བབ་ཆེས་དམའ་སའི་གྲོང་པ་ཞིག་གི་མིང་ལ་འབྲས་བཏབ་ཅེས་འབྲི་དགོས་ཏེ། གནའ་སྔོན་མ་ལ་འབྲས་བཏབ་སྲོལ་ཡོད་པས་དེ་ལྟར་ཐོགས་པ་ཡིན་ཞེས་ཟེར་ཡང་ད་ལྟ་འདེབས་སྲོལ་མེད་ལ་བཏབ་པ་མངོན་སུམ་དུ་མཐོང་མྱོང་མཁན་ཡང་མ་རྙེད་དོ།། དེ་མིན་ཡུལ་སྟོད་སྨད་བར་གསུམ་དུ་མིས་ཟས་སུ་སྤྱོད་རུང་བ་ལ་ཀུ་ཤུ་དང་འབྲི་ཏ་སོགས་ཤིང་དང་རྩི་ཤིང་གི་འབྲས་བུ་ཡང་རིགས་འདྲ་མིན་མང་པོ་ཡོད་ཀྱང་སྐབས་སུ་མ་བབས་པས་འདིར་མ་བགྲང་ངོ་།།

བོད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱལ་རབས་གསལ་བའི་མེ་ལོང་དུ། འཕགས་པའི་ཞལ་ནས་ཁྱེད་ཀྱི་རིགས་རྒྱུད་རྣམས་ངས་བསྐྱང་ངོ་གསུངས་ནས། འཕགས་པ་ཡར་བཞེངས་ཏེ། ནས་དང་། གྲོ། སྲན་མ། བྲ་བོ། སོ་བ་རྣམས་རི་རབ་ཀྱི་ཁོང་སེང་ནས་བླངས་ཏེ་ས་ལ་གཏོར་བས་ཡུལ་དེར་མ་རྨོས་པའི་ལོ་ཏོག་གིས་གང་བར་གྱུར་རོ་ཞེས་དང་། རྒྱུད་བཞི་ལས་འབྲུ་རིགས་ཀྱི་རྣམ་གྲངས་བརྗོད་པའི་སྐབས་སུ་འབྲས་དང་། ཁྲི། ཁྲ་མ། གྲོ། ནས། སོ་བ། ཏིལ་འབྲུ། བྲ་བོ། སྲན་མ་སོགས་བགྲངས་ཡོད་པ་ལས་བོད་ཡུལ་དུ་ད་དུང་འབྲུ་སྣ་གཞན་ཡང་མང་པོ་ཡོད་པ་ཤེས་མོད། འོན་ཀྱང་ཡུལ་འདིར་ཉེ་ལམ་གོང་དུ་བརྗོད་པའི་འབྲུ་རིགས་སྣ་འགའ་ལས་གཞན་རྣམས་རྨོད་འདེབས་བྱེད་པ་མེད་དོ།།

འཇིག་རྟེན་མིའི་ལོ་རྒྱུས་དེབ་ཐེར་རྣམས་སུ་གདོད་མའི་མིས་ཞིང་ཁ་འདེབས་རྨོས་མ་ཤེས་གོང་ནས་མ་རྨོས་པའི་འབྲུ་རྒོད་ཞིབ་མོར་བཏགས་ཤེས་ཟིན་པར་བརྗོད་ཡོད། འདིའི་མི་རྣམས་ཀྱིས་ཀྱང་འབྲུ་རིགས་དེ་དག་ལས་གྲོ་ནས་སྲན་གསུམ་ནི་གཙོ་བོ་ཕྱེ་མར་བཏགས་ནས་ཟ་བ་ཡིན། དེ་ལས་ནས་རྐྱང་བརྔོས་ཏེ་བཏགས་པ་ལ་འབྲུ་དཀར་དང་རྩམ་པ་ཟེར། དེར་ནས་ཆུ་དྲོན་པོས་གཤེར་ཞིང་བསྙལ་ནས་བཏགས་པ་ལ་ཆུ་གཤེར་དང་མ་བསྙལ་ནས་བཏགས་པ་ལ་རྩམ་སྐྱ་ཞེས་དབྱེ། ནས་དང་སྲན་མ་བརྔོས་ཏེ་བསྲེས་ནས་བཏགས་པ་ལ་འབྲུ་ཁྲ་དང་འབལ་སྲན་ཟེར། སྲན་མ་ཁོ་ན་བརྔོས་ཏེ་བཏགས་པ་ལ་འབལ་རྩམ་དང་འབལ་ནག་ཟེར། གྲོ་བརྔོས་ཏེ་བཏགས་པ་ལ་གྲོ་རྩམ་དང་གྲོ་དང་སྲན་མ་བརྔོས་ཏེ་སྲ་སྲེར་བཏགས་པ་ལ་གྲོ་སྲན་ཟེར། དེ་དག་ལས་ཆུ་གཤེར་རྩམ་པ་ནི་ཐོག་མར་འབྲུ་ནས་ཆུ་སིང་རྒྱག། དེ་རྗེས་ཉི་མ་ལྡེས་ནས་བསྐམས། དེ་རྗེས་ཆུ་ཁོལ་གྱིས་བཤལ་ནས་རླན་རན་པོར་ཕབ། དེ་རྗེས་དྲོད་པོར་ཞག་གཅིག་ལ་བསྙལ། དེ་རྗེས་སླ་ངར་ཡོས་སུ་བརྔོས། དེ་རྗེས་རྩྭ་སྒྱེ་སོགས་སུ་བླུགས་ནས་རྡོག་པས་བརྫིས་ཏེ་ཡོས་སྤུ་བཅད། དེ་རྗེས་ཚགས་སུ་བཙགས་ནས་ཚིག་པ་དང་སྙིགས་མ་དང་ཐལ་རྡུལ་སོགས་ཞིབ་ཕྲས་བསལ། དེ་ནས་རང་འཐག་ཏུ་བཏགས་པ་བཅས་ལས་སྣོན་གྱི་རིམ་པ་མང་ཞིང་ལག་རྩལ་གྱི་རང་བཞིན་མཐོ་བ་ཞིག་ཡིན་པས་ཆེས་བཟང་བར་བརྩི་ལ། དེ་ནས་རིམ་བཞིན་རྩམ་སྐྱ་དང་། འབལ་སྲན། འབག་ནག། གྲོ་སྲན། གྲོ་རྩམ་རྣམས་བགྲངས་མོད། འོན་ཀྱང་གྲོ་རྩམ་དང་གྲོ་སྲན་ནི་རྩམ་པ་ལས་འབེལ་བ་ཞིག་མ་ཡིན། དེ་བས་འབྲུ་རིགས་དཀོན་པོར་གྱུར་པའམ་བདག་པོ་སེར་སྣ་ཆེ་བའམ་མཆོག་དམན་གྱི་འདུ་ཤེས་གསལ་ཆེ་བ་སོགས་རྐྱེན་སྣ་ཚོགས་ཀྱིས་ཡུལ་དང་དུད་ཚང་འགའ་ན་མི་དྲག་བླ་དྲག་སོགས་མཐོན་པོར་གནས་པས་ཆུ་གཤེར་དང་། ཁྱིམ་གྱི་བདག་པོ་དང་གཙོ་བོ་ཚོས་རྩམ་པ། འཁོར་དང་གཡོག་པོ་སོགས་དམའ་ས་རྣམས་ཀྱིས་འབལ་སྲན་དང་འབལ་ནག་བཟའ་དགོས་པའི་ལུགས་སྲོལ་ཡང་དེད་མྱོང་སྐད། རྩམ་པར་མར་སྣུམ་བཅུག་ནས་སྤགས་སྦྲུས་པ་ལ་ཨ་སྣུམ་དང་མ་བཅུག་པར་སྦྲུས་པ་ལ་སྐྱ་སྐམ། རྩམ་པ་སྣུམ་ཁུ་རྐྱང་པས་སྤགས་སྦྲུས་པ་ལ་ཕྱེ་སིམ། ཕྱེ་མར་འཕུར་ཏེ་བསྣན་པའི་ཁར་ཇས་སྦངས་ནས་བལྡགས་པ་ལ་ཕྱེ་ལྡག་གམ་ཁ་བཏིང་ལྡག་དང་རྩམ་པ་སྐམ་པོ་བལྡགས་པ་ལ་སྐྱ་འགམ་རྒྱག་གམ་ཕྱེ་འགམ་མམ་སྐྱ་བུན་འགམ། རྩམ་པ་ཇར་བཏབ་པའི་སྐྱོ་མའི་བཏུང་བ་ལ་ཇ་སྐྱོའམ་རྩམ་སྐྱོའམ་སྐྱོ་གར་དང་འོ་མར་བཏབ་པ་ལ་འོ་སྐྱོ་བཅས་ཟེར། ནས་རྗེན་པ་བཙོས་པ་ལ་ཆན་ཟེར་ཞིང་གཙོ་བོ་ཆན་ཧུབ་སྐོལ་བྱེད་དང་། ནས་ངར་བཏགས་བྱས་པ་ལ་རྗེན་ཞེས་ཆེད་དུ་རྗེན་ཧུབ་ཅེས་པའི་ཐུག་པ་སྐོལ་བྱེད་དང་ཟྭ་ཧུབ་སོགས་ཀྱི་སྡོར། སྲན་མ་ངར་བཏགས་བྱས་པ་ལ་རྟ་ཕྱེའམ་རྟ་རྗེན་ཞེས་སྒོ་ཕྱུགས་གསོ་བྱེད་བྱས། ནས་རྙིང་པས་བཏགས་པའི་ཕྱེའི་བྲོ་བ་གསར་པས་བཏགས་པ་ལས་ཅུང་ཞན་མོད། འོན་ཀྱང་ཕྱེའི་འབབ་སྒོ་ནས་གསར་པ་ལས་མང་། སྨིན་བཟང་ཤོས་ཀྱི་ནས་རྒྱ་མ་བརྒྱ་ལ་ཕྱེ་རྒྱ་མ་བརྒྱ་འབྱུང་བ་ཡིན་ཞེས་བརྗོད་ཀྱང་དེ་ལྟར་ཡོང་བ་ཕལ་ཆེར་མེད་ཅིང་བརྡུངས་མ་ཐག་གི་ནས་གསར་པ་ལས་ཕྱེ་རྒྱ་མ་ཕལ་ཆེར་བཅུ་ཆའི་གཉིས་གསུམ་ཞི་འགྲོ་བར་བརྗོད། ཕྱེའི་འབབ་སྒོ་ནི་ས་ཞིང་ཉིན་སྲིབ་དང་ཡང་འབྲེལ་བ་ཡོད་པ་ཞིག་སྟེ། རྒན་པ་ཚོས་ཉིན་མོ་ཕྱོགས་ཀྱི་ནས་ལ་སྲིབ་མོའི་ཡུལ་གྱི་ནས་ལས་འབབ་སྒོ་ཆེ་བ་ཡིན་ཞེས་བརྗོད། དེ་བཞིན་དུ་ནས་ཀྱི་སྤུས་ཀ་དང་སྨིན་ལེགས་མིན་སོགས་ཀྱིས་རྩམ་པའི་ཁ་དོག་དང་། སྤགས་རྫི་བའི་དུས་སུ་སྤགས་ཁུ་འགྲོ་མང་ཉུང་། ཟན་ཆངས་བུ་ཆུར་ཞིག་བདེ་མིན་སོགས་ཀྱང་མི་འདྲ་བ་འབྱུང་པར་བཤད། དེ་ལྟར་བྱས་པ་ཡང་ཟ་བའི་དུས་སུ་ཁ་ལ་ཞིམ་མི་ཞིམ་དང་མི་ལ་གོམས་མི་གོམས་ཙམ་གྱི་ཆེད་ཀྱིས་མ་ཡིན་གྱི་དཔེར་ན་བོད་ཀྱི་གསོ་གཞུང་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུརྱ་སྔོན་པོ་ལས་གྲ་མ་ཅན་ལ་སོགས་པའི་འབྲུ་ཀུན་ཀྱང་གསར་ཐོག་སྟེ་ལོ་གཅིག་མ་ལོན་པ་དང་རློན་པ་རྣམས་ནི་ལྕི་བས་བད་ཀན་སྐྱེད་པ་ཡིན་ཏེ་མི་དགེ་ལ། འོན་ཀྱང་འབྲས་བུ་སྨིན་པ་ཤིན་ཏུ་གྱུར་པ་རྣམས་དང་སྐམས་ཏེ་རློན་དང་བྲལ་བ་རྣམས་དང་རྙིང་པ་ལོ་ལོན་པ་རྣམས་ནི་ཡང་ཞིང་དགེ་བ་ཡིན་ནོ།། དེར་མ་ཟད་འབྲུ་སྐམ་རློན་གང་ཡིན་ཡང་རྗེན་པ་དང་བཙོས་པ་དང་ཚྭ་སྡོར་ལ་སོགས་པའི་སྒོ་ནས་གཡོས་སུ་བྱས་པ་ཀུན་ཀྱང་རིམ་པ་བཞིན་སྔ་མ་ལྕི་ལ་ཕྱི་མ་ཡང་ཞིང་འཇུ་སླ་བ་དང་ཁམས་ལ་འཕྲོད་པར་འགྱུར་ཞེས་གསུངས་པ་དང་། རྒྱུད་བཞི་ལས། རྩམ་པ་གྲང་མོ་སྟོབས་སྐྱེད་ལྕི་བ་ཡིན།། བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ།། ཞེས་དང་དེའི་འགྲེལ་བ་མེས་པོའི་ཞལ་ལུང་ལས། རྩམ་པ་ཁོ་ན་འགམ་པ་དང་ཟན་གྲང་མོར་ཟོས་པས་ནི་ལུས་སྟོབས་བསྐྱེད་ཅིང་ལྕི་བ་ཡིན་པས། དེ་ལས་བཟློག་པ་བཙོས་པའི་ཟན་ནི་ཡང་ལ་འཇམ་པས་འཇུ་བར་སླ་བ་ཡིན་ནོ།། ཞེས་བརྗོད་པ་སོགས་བཞིན་གཙོ་ཆེ་བ་ནི་ལུས་ལ་འཕྲོད་པ་ལའང་དམིགས་པ་ཡིན། གྲོ་མ་བརྔོས་པ་རྗེན་པར་བཏགས་པ་ལ་གྲོ་ཕྱེ་ཟེར་ཞིང་། དེར་རང་ཡུལ་གྱི་མཆིག་ཏུ་གྲོ་ལྤགས་དང་བཅས་པ་འཐག་པར་བོད་གྲོ་དང་འཕྲུལ་ཆས་སུ་གྲོ་ལྤགས་ལོགས་སུ་བཀར་ནས་འཐག་པ་ལ་གཙགས་གྲོ་ཞེས་གཉིས་སུ་དབྱེ། དུས་རབས་ཉི་ཤུ་པའི་མཇུག་གི་བར་དུ་མང་ཚོགས་ཕལ་མོ་ཆེས་བོད་གྲོ་ཟ་བཞིན་ཡོད་ཅིང་མི་ཚོས་བོད་གྲོ་དང་བོད་གྲོ་ཟ་མཁན་ལ་འཚོ་བ་ཞན་པོར་ཡོད་པའི་མཐོང་ཆུང་དང་གཙགས་གྲོ་ལ་གཙིགས་ཆེན་ཏེ་པོར་བྱེད་པ་དང་དེ་ཟ་མཁན་ལ་ཧ་ཅང་ཡིད་སྨོན་བྱེད་པའི་སྲོལ་ཤིན་ཏུ་ཆེན་པོ་ཡོད། དེ་ནས་རིམ་བཞིན་འགྲིམ་འགྲུལ་སྟབས་བདེར་གྱུར་པ་སོགས་ཀྱི་དབང་གིས་རྒྱ་ཡུལ་ནས་འདྲེན་པའི་གཙགས་གྲོ་ཇེ་འབེལ་དུ་གྱུར་པ་དང་རང་ཡུལ་དུ་གྲོ་རྨོད་འདེབས་བྱེད་མཁན་ཇེ་ཉུང་དུ་ཕྱིན་པས་ཁྲོམ་ར་ན་གཙགས་གྲོ་ཤིན་ཏུ་

འབེལ་ཞིང་བོད་གྲོ་ཧ་ཅང་དཀོན་པོར་གྱུར། ཉེ་བའི་ལོ་འགའ་ནས་མི་རིགས་གཞན་པའི་ཡུལ་ནས་བོད་གྲོ་ལ་བཅུད་ཆེ་བ་དང་ལུས་པོ་ལ་ཕན་ཐོགས་ཆེན་པོ་ཡོད་རབས་ཀྱི་སྐད་ཆ་ཡུལ་འདི་ལའང་གྲགས་པས་མི་ཚོ་ལས་བོད་གྲོ་བཟོས་ནས་འབྱོར་པོར་རློམ་པ་དང་ཟས་ཁང་ཁ་ཤས་སུ་གཙགས་གྲོར་བོད་གྲོའམ་གྲོ་ལྤགས་བསྲེས་ནས་ཟས་རིམ་པ་མཐོན་པོའི་གྲས་སུ་བགྲང་མཁན་འབྱུང་བཞིན་ཡོད་མོད། འོན་ཀྱང་ད་ལྟར་ཡུལ་འདིར་བོད་གྲོ་རྣལ་མ་ནི་ཟས་རིགས་དཀོན་པོའི་གྲལ་དུ་གྱུར་ཅིང་གང་འདོད་བཟའ་རྒྱུ་ཡོད་མཁན་ཕལ་ཆེར་མེད་པར་གྱུར་ཟིན། གཞན་པའི་ཡུལ་དུ་ད་དུང་ཟར་མ་བརྔོས་ནས་བཏགས་པའི་ཟར་རྩམ། གྲོ་མ་བཏགས་པའི་གྲོ་རྩམ། རམ་པ་བཏགས་པའི་རམ་རྩམ། ཀོ་ཉེའི་རྩམ་པ། མ་སྨིན་ལོ་ཏོག་གི་རྩམ་པ་སོགས་ཡོད་སྐད་ཐོས་ཀྱང་འདིར་མཐོང་མི་གྱུར་ཏོ།། རྩམ་པ་འབལ་སྲན་གྲོ་ཕྱེ་གང་ཡིན་རུང་ཕྱེ་མར་བཏགས་ས་ནི་ཆུ་མཆིག་ཡིན། མཆིག་ནི་ཆུ་ཉལ་ལམ་དཀྱིལ་རྟ། སྦོ་གཟེར་རམ་སྡོང་པོ། གཤོག་པ། མཆིག་ལྕགས། སྦལ་བ། བྲེ། མཆིག་རྡོ་ཡ་ལོ་དང་མ་ལོ། མཆིག་སོ། རྡོ་ཕོ། རྡོ་མོ། ཆག་ཆག་གམ་ཀག་ཀག་གམ་སྤྲུག་ཤིང་། ཡོས་ཁུང་ངམ་གནམ་ཐག། རྭ་ཁ། སྣ་ཐག། བྲེ་ཁུང་། བཀྱག་འབེབས། ཕྱེ་རའམ་ཁོད་ར། ཝ་ཁ། གཅོད་རྒོད། གཅོད་ཕྲུག། གཅོད་སྣ། མཆིག་ཁང་སོགས་ཀྱིས་གྲུབ་པ་ཡིན། རྒན་རྒོན་འགའ་རེའི་ངག་རྒྱུན་དུ་སྔོན་ཆད་ཀྱི་མཆིག་ལ་ཡོས་ཁུང་མེད་ཅིང་ཡོས་མིས་ལག་པས་རྡོ་བུག་ཏུ་བླུག་དགོས་ཞེས་བརྗོད་པ་ལ་བལྟས་ན་ད་ལྟ་སྤྱོད་བཞིན་ཡོད་པའི་མཆིག་ནི་ཞིང་པ་ཚོས་འཚོ་བའི་ལག་ལེན་དུ་རིམ་བཞིན་འཐུས་ཚང་བར་བཏང་བ་ཞིག་ཡིན་ངེས། དུས་རབས་གཉིས་ཀྱི་སྔ་ཕྱི་བརྗེ་མཚམས་ཡན་དུ་དཀར་མཛེས་གླིང་ཐང་གི་མཆིག་ཕལ་ཆེར་སྲིབ་མོའི་ཕྱོགས་ཀྱི་ཙཱ་ཟླ་ལུང་པའི་ཙཱ་ཟླའི་ཆུ་དང་། ཉིན་མོའི་ཕྱོགས་ཀྱི་རབ་མཚར་ལུང་པའི་རྟ་ཆུ་དང་རྒྱས་བཟང་ལུང་པའི་རྒྱས་བཟང་ཆུ། ཉིན་མོ་སྨད་ཕྱོགས་ཀྱི་ཐང་ཁ་ལུང་པའི་གནམ་ཟླ་ཆུ་བཅས་ཆུ་བོ་བཞིའི་མགོ་འདབས་སུ་ཡོད། ཞིང་པ་ཚོས་དབྱར་དཔྱིད་གཉིས་ལ་རང་གི་མཁོ་དགོས་ལ་བསྟུན་ནས་མཆིག་ནང་རྔོ་བཏགས་བྱེད་རུང་ཡང་། སྟོན་དགུན་གཉིས་སུ་དུད་ཚང་སོ་སོས་སྟོན་ཐོག་མ་ལོན་གོང་ལ་སྟོན་ཟས་ཞེས་སྟོན་ལས་རིང་ལ་འདང་ཤག་ཤག་དང་དགུན་ཁ་མ་ཤར་གོང་ལ་དགུན་ཟས་ཞེས་དགུན་ཟླ་གསུམ་ལྷག་ལ་ཟ་སྣེ་འདང་ངེས་ཤིག་འཐག་ཐེངས་གཅིག་ཏུ་བཏགས་པ་ཡིན། དེ་ནི་སྟོན་ཁ་ལས་ཀ་བྲེལ་བ་ཆེ་བས་མི་ལ་ཁོམ་ལོང་མེད་པ་དང་དགུན་ཁར་ཆུ་ལ་ཆབ་རོམ་འཆགས་ནས་མཆིག་མི་བཟང་བའམ་འཐག་མི་ཐུབ་པར་གྱུར་པས་ཡིན། རྩམ་པ་སོགས་གང་བཏགས་ནའང་དང་ཐོག་སྒྲོ་བ་གང་རེ་ལས་མཆིག་བདག་ལ་དུང་བེན་སོགས་འཇལ་བྱེད་སྣོད་ཀ་ཅི་བཞག་ཡོད་པ་ལ་ཕྱེ་གང་རེ་ཕྲིས་ནས་མཆིག་བླར་སྤྲད་དགོས་ཤིང་རྗེས་སུ་རིམ་བཞིན་ཕྱེ་དང་དངུལ་གཉིས་ཀ་དང་དེ་ནས་དངུལ་ཤ་སྟག་སྤྲད་དགོས་པར་གྱུར། དབྱར་དགུན་མི་འདྲ་བ་ལ་ཆུ་ཆེ་ཆུང་མི་འདྲ་བ་དང་། ཆུ་ཆེ་ཆུང་མི་འདྲ་བ་ལ་རྩམ་པ་རྩིང་ཞིབ་མི་འདྲ་བ་འབྱུང་ཞིང་། མཆིག་རྡོ་ཆེ་ན་རྩམ་པ་ཞིབ་ཅིང་ཆུང་ན་རྩིང་པས་མཆིག་རྡོ་རྒྱ་ཆེ་ཆུང་མི་འདྲ་བ་ལ་ཡར་ལོ་བཀྱག་འབེབས་མི་འདྲ་བར་བྱེད་དགོས་པ་སོགས་ཀྱི་དབང་གིས་གལ་ཏེ་བདག་པོའི་འདོད་པ་ནང་ལྟའི་རྩམ་པ་ཞིག་ཡོང་དགོས་ན། དེར་མཆིག་སྲུང་ལ་ངེས་པར་དུ་ཉམས་མྱོང་དང་ཆེད་ལས་ཀྱི་ལག་རྩལ་མཐོན་པོ་ཡོད་དགོས་པ་ཡིན། གློག་གི་དཀའ་ངལ་བསལ་རྗེས་ནས་ཡུལ་སོ་སོ་ན་གློག་ཤུགས་ཀྱིས་བསྐོར་དགོས་པའི་གློག་མཆིག་བྱུང་ཡང་མི་ཚོས་ཆུའི་གྲང་བསིལ་གྱིས་མཆིག་རྡོའི་བར་དུ་གཙུབས་པའི་ཡོས་ཀྱི་ཚ་བ་སེལ་བས་ཆུ་མཆིག་གིས་འཐག་པའི་རྩམ་ཕྱེའི་བྲོ་བ་ཞིམ་པོ་ཡོད་སྐད་དུ་སྨྲའོ།།

( མུ་འགོད།)