བསྡུས་པའི་གཟུགས་ཅན་ནི།
ཁྱེད་སྐུ་བརྗིད་ཆགས་རི་བོ་འདབས་རོལ་ན། །
གསུང་དབྱངས་ཁུ་བྱུག་མགྲིན་གླུ་རྣ་བ་འཇེབས། །
ཐུགས་རྗེ་ཉི་མ་དཀྱིལ་འཁོར་མཁའ་རུ་བསྒྱུར། །
མགོན་པོ་མཐའ་མེད་ནམ་མཁའི་དབྱིངས་སུ་འཁྱམས། །
མ་བསྡུས་པའི་གཟུགས་ཅན་ནི།
མི་སེམས་རི་མོ་བློ་ཡི་འབྲི་མཚམས་ལས། །
དངོས་དོན་ཤུགས་ཀྱིས་བསྒུལ་བའི་རླུང་བུ་ཞིག །
ངེས་མེད་གང་སར་རྒྱུ་བའི་མི་རྟག་པ། །
ཁྱེད་ཉིད་སྒྱུ་མའི་ཆོས་ལ་འཇིགས་སྣང་མེད། །
བསྡུས་པ་དང་མ་བསྡུས་པའི་གཟུགས་ཅན་ནི།
ཁྱོད་སྐུ་མཚར་སྡུག་ལང་ཚོའི་དཔལ་ཡོན་དར། །
ཚེམས་ཕྲེང་ཨུཏྤལ་ཡལ་འདབ་ཚར་དུ་དངར། །
ཁྱེད་གསུང་དྲི་མེད་འོད་ཀྱི་ཐེམ་སྐས་སུ། །
ཐེག་གསུམ་བློ་ཡི་རིམ་པ་འཛེགས་ཤིང་དགེ །
མཐའ་དག་གཟུགས་ཅན་ནི།
ཁྱེད་སྐུ་མཚན་དཔེ་འོད་གསལ་རྟ་ལྗང་ཅན། །
ཁྱེད་གསུང་དྲི་མེད་ཤེལ་དཀར་ལྷུན་པོའི་མདངས། །
ཁྱེད་ཐུགས་གང་གཱ་མཚོ་མོའི་གཏིང་མཐའ་ཟབ། །
འཕྲིན་ལས་ཉི་ཟླའི་དཀྱིལ་འཁོར་མཁའ་ནས་མཐོ། །
ཆ་ཤས་གཟུགས་ཅན་ནི།
བློ་གྲོས་གཏིང་མཐའ་ཡངས་པའི་དྲ་བ་ནས། །
རྣམ་དཔྱོད་གློག་ཞགས་འཁྱུག་པའི་སྟངས་སྟབས་སུ། །
མཁྱེན་རབ་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །
མཁས་གྲུབ་གཉིས་ལྡན་འཛམ་གླིང་མི་ཡི་རྒྱན། །
ཆ་ཤས་ཅན་གྱི་གཟུགས་ཅན་ནི།
ཀུན་དགའ་འཕྲིན་ལས་རྒྱལ་མཚོའི་གཏིང་མཐའ་ཟབ། །
སྒྲིབ་གཉིས་དྲི་མ་ཙམ་གྱི་མ་གོས་བར། །
རྣམ་རྟོག་ཕྱོགས་བཞི་རླུང་གིས་བསྐོར་མཚམས་སུ། །
ཞི་བའི་ཏིང་ངེ་འཛིན་གྱི་བདེ་བར་བཞུགས། །
ཡན་ལག་གཅིག་པའི་གཟུགས་ཅན་ནི།
ལྷ་གཅིག་སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་གར། །
རྒྱལ་ཀུན་འཕྲིན་ལས་ཅིག་བསྡུས་མ་གྲོས་མཚོ། །
མཐའ་མེད་འཁོར་བ་འཁྱམས་པའི་སེམས་ཅན་རྣམས། །
རང་རང་ལས་ཀྱི་སྐལ་བས་དད་འདུན་ཟབ། །
བྱམས་བརྩེ་ཆུ་འཛིན་དཀར་པོའི་དྲ་བ་ཅན། །
མཁའ་ཡི་མཛེས་སྡུག་རྫོགས་པའི་སྔོ་བསངས་ལམ། །
ཐུགས་རྗེའི་ཉི་མའི་དཀྱིལ་འཁོར་གུར་ཁྱིམ་ནས། །
ཁྱེད་ཉིད་འཇིག་རྟེན་མི་ཡི་སྣང་ཚུལ་བྱོན། །
སྐུ་ལུས་འཁྲི་ཤིང་གཞོན་ནུ་ཡལ་འདབ་ཏུ། །
ཚུལ་ཁྲིམས་མེ་ཏོག་དྲི་ངད་ས་གཞིར་ཁྱབ། །
རྣམ་དཔྱོད་ཟིལ་མངར་འབུམ་གྱིས་དཔལ་དུ་འཛིན། །
ཚེ་རབས་ལས་ཀྱི་བླ་མ་རྟག་བཞུགས་གསོལ། །
ལྡན་པའི་གཟུགས་ཅན་ནི།
ལང་ཚོ་གཡུ་ཡི་ལོ་མ་འཇམ་མཉེན་ཅན། །
ཞལ་རས་པད་དཀར་འཛུམ་པའི་མཛེས་སྡུག་གིས། །
སྐྱེ་བོ་རྨོངས་པ་གྲོལ་ལ་དུང་བ་འདྲེན། །
མགོན་ཁྱེད་འཇིག་རྟེན་མི་ཡི་སྐྱབས་གནས་དངོས། །
མི་ལྡན་པའི་གཟུགས་ཅན་ནི།
མཁྱེན་རབ་མཁའ་བསངས་བུ་མོའི་རྩེ་འཇོ་འཁྲབ། །
སྙིང་རྗེའི་རྐང་དྲུག་གཞོན་ནུའི་ཟློས་གར་ལ། །
རྣམ་འདྲེན་ཐེམ་སྐས་འཛེགས་པའི་རྒྱལ་ས་རུ། །
འོད་གསལ་འཇའ་ཚོན་རིམ་པ་དུ་མ་སྣང་། །
མི་མཉམ་པའི་གཟུགས་ཅན་ནི།
གསུང་དབྱངས་འགྲོ་བ་འདྲེན་པའི་དཔལ་དུ་འཇེབས། །
སྤྱན་ཟུང་འོད་ཞགས་འཁྱུག་ལ་ངང་མོའི་ཚོགས། །
དད་འདུན་པད་དཀར་ཆུན་པོ་གཏམ་གྱི་ཚིག །
སྐལ་ལྡན་ལེགས་བཤད་བཅུད་ཀྱི་ཉིང་ཁུ་རུམ། །
ཁྱད་དང་བཅས་པའི་གཟུགས་ཅན་ནི།
མགོན་ཁྱོད་དྲི་མེད་འོད་ཀྱི་གཟི་མདངས་ལས། །
སྐལ་ལྡན་དད་པའི་ཕྱག་གིས་ཐལ་མོ་སྦྱར། །
བསོད་ནམས་བླ་མེད་བྱང་ཆུབ་སྙིང་པོ་རུ། །
འགྲོ་ཀུན་ཞལ་འཛུམ་ལྷུན་པོ་རྟག་ཏུ་བཞུགས། །
འགལ་བའི་གཟུགས་ཅན་ནི།
སུམ་རྩེན་ཚལ་ན་ངལ་བས་མ་ཕེབས་ཤིང་། །
གངས་ཅན་ལྗོངས་འདིར་མཛེས་སྡུག་མ་འཕྲོག་ལ། །
ཤེས་རབ་རྦ་རླབས་འཕྱུར་བའི་རྩེ་མོ་ནས། །
བློ་གྲོས་ཡངས་པའི་གཏིང་མཐའ་ཅི་ཡང་ཟབ། །
རྒྱུའི་གཟུགས་ཅན་ནི།
འགྲོ་བ་འདྲེན་པས་མི་ཟད་ངག་གི་གཏེར། །
འབད་འབུངས་མྱུར་ལ་ལེགས་བཤད་ཆུ་རྒྱུན་དུ། །
ཟིལ་མངར་འབུམ་གྱིས་འཛག་པའི་གདམས་ངག་གིས། །
སྐལ་ལྡན་སློབ་བུ་གྲོལ་ལ་རྗེ་བླ་མ། །
སྦྱར་བའི་གཟུགས་ཅན་ནི།
ཚུལ་ཁྲིམས་གོ་ཆའི་གསུང་གི་བདུད་རྩི་ལ། །
གཉིས་སྐྱེས་མི་ཡིས་ལོངས་སུ་སྤྱོད་པ་ཡིས། །
འཆི་མེད་ཡུལ་གྱི་རྒྱ་བྱིན་འཁོར་བཅས་དེས། །
དགའ་བདེ་ལོངས་སྤྱོད་འཚོ་བ་དེ་ཡང་སྤྲུལ། །
དཔེའི་གཟུགས་ཅན་ནི།
དམར་སེར་ངུར་སྨྲིག་པདྨའི་གཟི་མདངས་འོག །
ལང་ཚོ་བཞིན་རས་རྒྱས་པའི་ཉམས་འགྱུར་གྱིས། །
དམར་བའི་ཕུན་ཚོགས་གཅིག་ཏུ་བཀྲ་ལྡན་ནོ། །
ཆུ་སྐྱེས་མེ་ཏོག་ཆུན་པོ་མཉམ་དུ་བཞད། །
ལྡོག་པའི་ཅན་གཟུགས་ནི།
རྐང་དྲུག་ཚོགས་ཀྱིས་ཆུ་སྐྱེས་བཅུད་འཐུང་ལ། །
སྐལ་ལྡན་བུ་ཡིས་བླ་མའི་མན་ངག་འཐུང་། །
མེ་ཏོག་དེ་ནི་སེམས་མེད་བེམ་པོའི་ཆོས། །
ཁྱེད་ཀྱི་གསུང་ལ་བདེན་པའི་ལུང་རིག་འཐོར། །
འགོག་པའི་གཟུགས་ཅན་ནི།
འདྲེན་མཆོག་དཔལ་ལྡན་བླ་མའི་སྙིང་རྗེ་ཡི། །
ཉིན་བཞིན་ཉ་གང་ཟླ་བ་རྒྱས་པའི་ཉམས། །
སེམས་ཅན་བྱམས་བརྩེ་ཁུར་གྱིས་འབྱུང་གནས་སུ། །
ཟླ་བའི་དངོས་པོ་གང་གིས་དོ་ཟླ་མིན། །
མཉམ་འཇོག་གི་གཟུགས་ཅན་ནི།
ཚུལ་ཁྲིམས་གོ་ཆའི་སྙིང་རྗེའི་སྨན་སྦྱོར་གྱིས། །
འདོད་པའི་དབང་ཕྱུག་སྙིང་ལ་མི་བཟོད་པའི། །
ཞེ་སྡང་མེ་ལྕེ་ཟུག་རྔུ་སྟེར་ཕྱིར་ལ། །
སྐལ་དམན་སེམས་ཅན་འདི་ཡིས་སྐྱོན་དུ་འགྱུར། །
གཟུགས་ཅན་གྱི་གཟུགས་ཅན་ནི།
དཔལ་ལྡན་བླ་མའི་རྣམ་དཔྱོད་ཡངས་པའི་མཁར། །
ཤེས་བྱའི་སྐར་ཚོགས་པད་འདབ་བཞད་པའི་ཚལ། །
ལེགས་བཤད་ཟིལ་མངར་བཅུད་དང་རྐང་དྲུག་གིས། །
སྐལ་ལྡན་སློབ་བུ་རྣམས་ཀྱིས་རྟག་ཏུ་རོལ། །
བསྙོན་དོར་གྱི་གཟུགས་ཅན་ནི།
ཁྱེད་སྐུ་མ་ཡིན་པདྨའི་འཁྲི་ཤིང་དང་།
ཐུགས་ནི་མ་ལགས་རྒྱ་མཚོ་གཏིང་མཐའ་ཟབ། །
གསུང་ནི་མ་ལགས་དྲི་ཟའི་བུ་མོའི་དབྱངས། །
དེང་དུས་མི་མིན་སྟོན་པའི་བླ་མ་དྲན།
༼ བདེ་ཆེན་ངག་གྲོལ། ༽