བདེ་ཆེན་དབྱངས་ཀྱི་འགྱུར་ཁུག་རྣ་བས་གསོན་དང་། །
དགའ་སྐྱིད་ཚོར་བའི་སྣང་བ་སེམས་ལ་སྟེར་ཡོང་། །
སུམ་རྩེན་ལྷ་ཡུལ་བཞད་འདྲའི་ཟློས་གར་ཐང་ནས། །
འདི་སྣང་སྒྱུ་མའི་མཛེས་སྡུག་མིག་གིས་མྱོང་ཆོག །
ཕར་བལྟས་རི་སྐེད་གོང་གི་འཇའ་ཡི་ཟེར་མ། །
མཛེས་སྡུག་ཐགས་སུ་བྲན་པའི་ནམ་འཕང་དེ་ནས། །
བདག་ཡིད་དད་པའི་ལྷ་མོ་དབྱངས་ཅན་བཞུགས་པས། །
བདག་གི་སྙན་ངག་སྦྲང་ཆར་འབབ་འབབ་བྱས་སོང་། །
རྟོག་པའི་ཐལ་གླུ་རིང་མོ་རྒྱང་ལ་འགུགས་དུས། །
ན་ཚོད་གཞོན་པའི་སླས་ནས་སྣང་བ་མཐོ་དུས། །
སེམས་སོང་སྙིང་གི་བུ་མོར་འཁྲེང་སེམས་ཤོར་དུས། །
ང་དང་ཆུང་འདྲིས་དབྱར་གྱི་སྤང་ནས་འཕྲད་སོང་། །
ཀུན་རྟོག་ཚོར་བའི་མེ་ཏོག་སྤང་ལ་བཞད་དུས། །
ཀུན་བཟང་མཆོད་པའི་བླ་བྲེ་མཁའ་ལ་འཁྲུངས་དུས། །
ཀུན་ཀྱང་བརྩེ་བའི་ལོ་མར་འཇུས་པ་མཐོང་ན། །
ཀུན་སྤྱོད་རྩིང་བའི་བདག་ཉིད་འགོག་ཐབས་བྲལ་ལོ། །
ཁྲ་ཆུང་མིག་ལ་མཛེས་པའི་ཕ་ཡུལ་ཞིག་ནས། །
གཡུ་ཡི་མདངས་དང་ལྡན་མཁན་གསེར་གྱི་གཞུང་ནས། །
ཉམས་དགའི་མེ་ཏོག་འཁྲུངས་པའི་རེ་ཁའི་གཏམ་དུ། །
ངག་རིག་དབྱངས་ཅན་དགྱེས་གླུའི་གླུ་ངག་བྱུང་ན། །
ནོར་འཛིན་སྒེག་མོའི་སྤང་ལ་མེ་ཏོག་འཛུམ་དུས། །
སྔོ་ཞིང་བསངས་པའི་མཁའ་ནས་ཆུ་འཛིན་སྐྱོད་དུས། །
ངག་རིག་དབྱངས་ཀྱི་བསྡུས་གཟུགས་མིག་ལ་མཛའ་བས། །
ང་ཡི་འཆར་ཡན་མོད་པོས་ཕྲ་བརྒྱན་བསླས་འདོད། །
སྣང་སྟོང་སྒྱུ་མའི་འཆར་ཡན་མི་ཡུལ་རྒྱུགས་བྱུང་། །
ཡུན་ཐུང་མི་ཚེའི་ནང་ལ་དགའ་དགའ་གནང་དང་། །
ཕ་ཡུལ་གངས་དཀར་འགྲམ་ནས་རེ་འདུན་བཅོལ་བའི། །
ཨ་ཅག་དབྱངས་ཀྱི་ལྷ་མོ་མཇལ་སྙིང་འདོད་དོ། །
༼ ཁམས་ཟླ་སྲས། ༽