国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲུག་ཟེར་བའི་སྲོག་ཆགས་ཤིག་ཡོད་ཟེར་བ་བདེན་པ་ཡིན་ནམ།

གནའ་རབས་ལོ་རྒྱུས་ཐོག་བཤད་སྲོལ་ཡོད་པའི་སྲོག་ཆགས་འབྲུག་སྟེ། དམངས་ཁྲོད་ཀྱི་བཤད་རྒྱུན་དུ་ལུས་ལ་གཤོག་པ་མེད་ཀྱང་ནམ་མཁའ་ལ་འགྲོ་ཐུབ་པ་དང་། སྐབས་རེ་ལུས་ནས་མེ་སྟག་འཕྲོ་བ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གློག་ཟེར་བ་དེ་ཡིན་ཞིང་། ལུས་ལ་ཉ་དང་འདྲ་བའི་པགས་པ་ཁྲབ་རིས་ཅན་ཞིག་ཡོད་པ། འབྲུག་གི་སྐད་བསྒྲགས་ན་རྨ་བྱའི་ལུས་ལ་སྒོ་ང་ཆགས་ཀྱི་ཡོད་པ་སོགས་བཤད་སྲོལ་སྣ་ཚོགས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་གཞུང་ངོ་མ་གང་གི་ནང་དུའང་འབྲུག་ཟེར་བ་དེ་སྲོག་ཆགས་ཤིག་ཡིན་པར་གཏན་ནས་ཁས་མི་ལེན་པ་ནི་བསྟན་འགྱུར་མདོ་ཕྱོགས་སྡེ་དགེ་དཔར་མའི་ལེ་ཚན[ཁུ]པའི་ནང་བཞུགས་པ་སྤྱི་ལོའི་དུས་རབས་དགུ་པའི་འགོར་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྲིད་དབང་བཟུང་སྐབས་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་བའི《འཇིག་རྟེན་གདགས་པ》ཞེས་པའི་བསྟན་བཅོས་ནང་བཀོད་དོན། ཅིའི་ཕྱིར་འབྲུག་ཟེར་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཅེས་ཟེར་རོ།།