国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཇུ་རབ་གསལ་གྱིས་བྲིས་པའི་རི་མོ་བདམས་བཀོད།

འཇུ་རབ་གསལ་ངོ་སྤྲོད།

ལོ་རབས་བརྒྱད་ཅུ་བར་ཁམས་མི་ཉག་ཏུ་སྐྱེས། ལོ་དགུ་ནས་ཀློག་བསླབས་ཤིང་རིམ་གྱིས་བླ་རུང་དང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་སོགས་སུ་མི་ལོ་བཅུ་བདུན་ཙམ་ལ་མཚན་ཉིད་རིག་པ་དང་ཆོས་གཞུང་རིག་གནས་དང་བཅས་པར་སློབ་སྦྱོང་བྱས། ཆུང་དུས་ནས་རི་མོར་མོས་ཤིང་རྩོམ་རིག་ལ་དགའ་བས་སློབ་སྦྱོང་གི་ཞོར་དུ་དགའ་ཕྱོགས་མ་དོར་བར་རི་མོ་སྣ་ཚོགས་དང་རྩོམ་རིག་གསར་རྩོམ་ལ་ནན་གྱིས་ཞུགས། གཞུང་གི་དུས་དེབ་དང་སྒེར་དེབ་སོགས་གང་མང་དུ་རྩོམ་ཡིག་དང་བར་བཅུག་རི་མོ་མང་ཙམ་བཀོད་མྱོང་ལ། ༢༠༡༡ལོ་ནས་པར་ལེན་དང་རི་མོ་འབྲི་བར་ཆེད་དུ་བརྩོན་པ་བྱས་ཤིང་ཁོའི་པར་རིས་བརྩམས་ཆོས་ལ་བྱ་དགའང་གང་མང་ཐོབ་པ་སྟེ། ༢༠༡༤ལོར་པར་རིས་བརྩམས་ཆོས༼ མངོན་ཆུང་གི་ཟུར་མིག། ༽ ཅེས་པར་ཀྲུང་གོ(མཚོ་སྔོན)གཙང་གསུམ་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ལས་བྱ་དགའ་ཐོབ་པ་དང་། དེ་བཞིན༢༠༡༧ལོར༼ ཀྲུང་ཧྭའི་ཕུགས་འདུན། རང་བྱུང་གླུ་དབྱངས། ༽ ཞེས་པའི་གྲངས་ཉུང་མི་རིགས་དམངས་གླུ་འགྲན་སྡུར་སྐབས་གསུམ་པའི་པར་རིས་གསར་རྩོམ་ཁྲོད་ཁོའི་བརྩམས་ཆོས༼ མཐོ་སྒང་གི་མཛེས་མ།༽ ཞེས་པར་སྣང་བརྙན་ཆེས་ལེགས་པའི་བྱ་དགའ་ཐོབ།

ད་ལྟའི་བར་བོད་ནང་གི་དུས་དེབ་གྲགས་ཅན༼ སྦྲང་ཆར། ༽

དང༼ གངས་དཀར་རི་བོ། ༽ སོགས་དང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་སོགས་སུ་སྙན་ངག་གཙོ་བོར་གྱུར་པའི་རྩོམ་རིག་བརྩམས་ཆོས་བརྒྱ་ཕྲག་ཙམ་བཀོད་ཡོད་ལ། ༼ སྦྲང་ཆར།༽ རྩོམ་སྒྲིག་ཁང་གིས་བསྒྲིགས་པའི༢༠༡༠-༢༠༡༩ལོའི་བར་གྱི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས༼ ཚངས་སྲས་མཆོད་པ། ༽ དང་། ༼ ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས། ༽ སོགས་སུ་ཁོའི་བརྩམས་ཆོས་བདམས་བཀོད་བྱས་ཡོད།

ད་ལྟ་དཀར་མཛེས་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་དམངས་ཁྲོད་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་རུ་བའི་ཚོགས་གཙོ། དཔལ་རི་གླིང་ཧ་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་གསར་རྩོམ་འགན་འཛིན་པ་བཅས་ཡིན།།