国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུར་ཁྲོད།

བསྐལ་པ་དཔག་ཏུ་མེད་ཅིང་ཚེ་རབས་བརྗོད་ལས་འདས་པའི་དུས་ཚོད་ནང་། ང་ཚོ་ནི་སྐྱེ་འཆི་ཞེས་པའི་ཡིག་འབྲུ་ཆུང་ཆུང་འདི་གཉིས་ཀྱི་ནང་དུ་འཁོར་དང་འཁོར་བཞིན་ཡོད་ཅིང་། ད་དུང་མུ་མཐུད་འཁོར་ལོ་བཞིན་རང་དབང་མེད་པར་འཁོར་དགོས། ད་ལྟ་ཞིབ་འདང་ཞིག་བརྒྱབ་ན་སྐྱེ་འཆི་ཡིས་ང་ལ་གནང་བ་ནི་སྐྱོ་ཡུས་དང་མནར་གཅོད། འདུ་འབྲལ་དང་ཕངས་སེམས། བསླུ་བྲིད་དང་འཁྲུལ་སྣང་ཁོ་ན་ལས། ང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་གཅེས་བྱམས་དགའ་དུང་དང་སེམས་པའི་ལོངས་སྤྱོད་ཡིན་པའི་དྲོད་ཁོལ་ཞིག་སྟེར་མ་མྱོང་ལ། རེ་བ་དང་ཡིད་ཆེས། སེམས་གསོ་དང་དཔའ་གདེང་ཞིག་གནང་མྱོང་བ་ཡང་གཏན་ནས་དྲན་སོས་རྒྱུ་མི་འདུག།

སྐབས་དང་སྐབས་སུ་ངས་སྐྱེ་འཆི་ལ་མི་འདོད་བཞིན་འགྲེལ་བཤད་རྒྱག་དགོས་ཐུག་ཅིང་། སྐྱེ་བ་དང་འཆི་བའི་ངོ་གདོང་ལ་ཅེར་ཐེངས་རེ་རེར། ཡིད་མུག་ཅིང་ཞེ་བསྔངས་པ་ལ་ཚོད་ཅིག་མེད་པས། ངས་སྐྱེ་བ་ནས་འཆི་བའི་བར་གྱི་གོ་རིམ་ལ་བསམ་བློ་རྩ་བ་ནས་བསྐོར་ན་མི་འདོད། ཡ་ང་བའི་མི་ཚེའི་གོ་རིམ་འདི་མི་བརྒྱུད་པར་གབ་ཅིང་བྲོས་ས་མེད་ཀྱང་། རེ་ཞིག་ངས་སེམས་ངལ་ཡོད་ཚད་གུད་དུ་འཕྱུངས་ནས་སྐྱེ་འཆི་ནི་རང་དང་འབྲེལ་བ་མེད་པ་ལྟར་ཁ་རོག་གེར་འདུག་འདོད་སྐྱེ་ཡོང་། ཤི་ཚར་རྗེས་ཡོད་ཚད་མཇུག་རྫོགས་སོང་བ་ཞིག་མ་ཡིན་པར་ལས་དང་ཉོན་མོངས་ཀྱི་དབང་གིས་ལན་ཆགས་མང་པོ་ཕར་ལ་སྤྲད་དགོས་ཤིང་། བུ་ལོན་མང་པོ་ཞིག་ཚུར་རང་གིས་ཀྱང་བླང་ཆོག་མོད། ད་ལྟའི་ང་ལ་མཚོན་ན་འཆི་བ་ནི་ཡོད་ཚད་མཇུག་རྫོགས་སོང་བའི་བཞི་ཤད་དེ་ཡིན་པའི་སྣང་བ་ཚོད་ཚོད་ལ་ཤར་ཡོང་ཞིང་། གསོན་པའི་གནས་སྐབས་འདི་ནི་ད་གཟོད་ཚེ་སྲོག་གི་སྙིང་པོ་ཡིན་པའི་སྣང་བ་འཁོར་ཡོང་།

དེ་རིང་ང་རང་ཅི་ཡིན་འདི་ཡིན་མེད་པར་དུར་ཁྲོད་ལ་ལྟ་སྐོར་ཕྱིན་པ་ཡིན། ང་རང་ཐེ་བའི་མི་ཕལ་ཆེ་བས་དུར་ཁྲོད་ནི་འཇིགས་སུ་རུང་བ་དང་མི་སྡུག་པར་བརྩིས་ནས་གཟུར་ཅི་ཐུབ་བྱེད་པ་ལས། གམ་དུ་བཅར་ཏེ་ཞེ་ལྷོད་ལ་བབས་ནས་མི་འདུག་མོད། ཞིབ་ཏུ་བསམས་ན་དུར་ཁྲོད་ནི་འདྲ་མཉམ་ངང་འུ་ཚོ་ཐུན་མོང་ལ་དབང་བའི་མཐར་མཇུག་གི་གནས་མལ་ཉག་གཅིག་དེ་ཡིན་པས། རང་གི་མཐར་མཇུག་གི་ལོག་མལ་ལ་ལྟ་སྐོར་རེ་མ་ཕྱིན་ན་ཇི་ལྟར་འགྲིག་ཨང་། དེ་རིང་ནམ་མཁའ་ནས་ཆར་བ་འབབ་ཀྱིན་འདུག། ཆར་བ་མར་མར་འབབ་ཀྱིན་འདུག། སྨུག་ཆར་ཟིམ་ཟིམ་བབས་པས་དུར་ཁྲོད་ཀྱང་ང་དང་འདྲ་བར་ཆར་བའི་ཁྲོད་དུ་བརླན་ཤིག་གེར་གནས། ངས་རང་དང་འབྲེལ་བ་མེད་པའི་བྱ་དངོས་མང་པོ་ཞིག་ཡིད་ལ་འཁོར་ཡོང་ཞིང་། དུར་ཁྲོད་དང་འབྲེལ་བ་མེད་པ་དུ་མ་ཞིག་ཀྱང་ཚོད་ཚོད་ལ་དྲན་ཡོང་། དུར་ཁྲོད་ནི་ཁྲག་ཞག་དང་ཚིལ་དྲེག། ཀེང་རུས་ཀྱིས་སྦགས་འདུག་ནའང་། དུར་ཁྲོད་ཀྱི་མཐའ་འཁོར་ཀུན་ཏུ་ཟིལ་བ་ཁུར་བའི་རྩྭ་ལྗང་གི་ལོ་མས་ཁེངས། སྐྱེ་འཆིའི་ཁོར་ཡུག་འདི་བརྒལ་རྗེས་གཞི་ནས་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་རྩྭ་ཐང་ཞིག་ཏུ་སླེབ་ཐུབ་པའི་མཚོན་དོན་ཡིན་ནམ། ངས་དུར་ཁྲོད་དང་འབབ་བཞིན་པའི་ཆར་ཟིམ་བར་དུའང་འབྲེལ་བ་ཅི་ཞིག་ཡོད་མེད་ལ་བསམ་གཞིག་བྱས། དུས་ཚིགས་འདིར་ཆར་པ་འབབ་པ་ནི་རྙིང་པ་འཇིག་སྟེ་གསར་བ་སྐྱེ་བཞིན་པའི་སྐབས་ཡིན་པས། དུར་ཁྲོད་ཀྱིས་ཀྱང་རྙིང་པ་ཞིག་དོར་ཏེ་སླར་ཡང་གསར་པ་ཞིག་འགོ་བརྩམ་དགོས་པའི་སྐུལ་འདེབས་བྱེད་བཞིན་པ་ཡིན་ནམ། ངས་ཆར་པས་བརླན་པའི་དུར་ཁྲོད་ནང་གི་རྡོ་གཅལ་དང་དུར་རྡོ། རུས་ཆག་དག་ལ་ལྟ་བཞིན་དེ་ལྟར་བསམ་ཞིང་། འགྲེལ་བཤད་མི་ཕོག་པའི་ཤུགས་རིང་ཞིག་ཀྱང་ཕྱི་ལ་ཤོར་སོང་།

མ་གཞི་ངའི་སྡོད་ཤག་དང་དུར་ཁྲོད་གཉིས་ཀྱི་བར་ཐག་ཤིན་ཏུ་ཉེ། ངའི་ཉལ་ཁྲི་དང་དུར་རྡོ་གཉིས་ཀྱི་བར་དུ་གོམ་གྲངས་དོན་གསུམ་ཙམ་ལས་མེད། ང་རང་རྣམ་རྟོག་གི་ཡོ་ལང་རབ་ཏུ་རྒོད་པའི་མི་བུ་དཀྱུས་མ་ཞིག་ཡིན་སྟབས། རང་ཤག་དང་དུར་ཁྲོད་ཀྱི་བར་ཐག་དང་གོམ་གྲངས་འདི་ཡིད་ལ་འཁོར་དུས། བདག་གིས་བློས་མི་ཐོང་པའི་སྙིང་ཉེ་བའི་མི་དག་གློ་བུར་དུ་དྲན་ཡོང་ཞིང་། དོགས་མི་བདེ་བའི་སེམས་རྟོག་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་དེ་སྐྱེ་ཡོང་། གོམ་གྲངས་དོན་གསུམ་འདིས་ང་ལ་གསང་བ་ཅི་ཞིག་སྟོན་བཞིན་ཡོད་དམ། སྐར་ཆ་དོན་གསུམ་གྱི་རྗེས་ནས་ང་རང་དུར་ཁྲོད་དུ་སླེབ་འགྲོ་བའི་དོན་ཡིན་ནམ། ཡང་ན་གྲངས་ཀ་འདི་སྐར་མ་དང་དུས་ཚོད་ཅིག་དང་འབྲེལ་བ་ཡོད་དམ། ཉིན་ཞག་དང་ཟླ་བ་གང་ཞིག་མཚོན་བྱེད་ཡིན་སྲིད་དམ། ངས་རྣམ་རྟོག་གི་མེ་ལོང་ཇི་ལྟར་ཕྱིས་ཀྱང་མི་སྡུག་པའི་གོམ་གྲངས་འདིའི་མཚན་དོན་གཏན་ནས་མ་ཤེས།

གལ་སྲིད་གོམ་གྲངས་འདི་ལོ་གྲངས་ཤིག་ཡིན་པའི་དབང་དུ་བཏང་ན། དགའ་འོས་པ་ཞིག་ལགས་ཀྱང་། ད་ལྟའི་བདག་གི་ན་ཚོད་ལ་དཔག་ན། ད་ནི་ང་ལ་ལོ་གྲངས་དོན་གསུམ་ལྷག་མེད་པ་ནི་གཏན་ཁེལ་རེད་བཞག། ད་ནས་ལོ་གྲངས་དོན་གསུམ་འགོར་རྗེས་ང་རང་འཇིག་རྟེན་གཞན་ཞིག་ཏུ་ཡོད་ངེས། ཁོ་དང་མོ་ཡང་འཇིག་རྟེན་གཞན་ཞིག་ཏུ་ཕྱིན་ཚར་ཡོད་ངེས། འཇིག་རྟེན་གཞན་པ་དེ་ནས་ཀྱང་། ང་ཚོས་སེམས་ཀྱི་ན་ཟུག་མང་པོ་ཞིག་སེམས་ཀྱིས་མྱོང་བཞིན་ཡོད་དམ། སྔར་བཞིན་རྒྱང་རིང་ཞེས་པའི་ཚིག་གྲུབ་འདིའི་ནང་དུ་འདུས་པའི་སྙིང་ཉེ་བ་མང་པོ་ཞིག་ཡིད་ལ་བཅགས་ནས་བསྡད་ཡོད་དམ། ངས་དྲིས་ལན་མི་རྙེད་པའི་དྲི་བ་མང་པོ་ཞིག་རང་ལ་བཀོད་དེ་དུར་ཁྲོད་ལ་ཞིབ་ལྟ་བྱས། ཡང་ནས་ཡང་དུ་བྱས།

འདི་ནས་ཡར་བརྩིས་པའི་མི་ལོ་གཅིག་ཁྲི་བརྒྱད་སྟོང་གི་ཡར་སྔོན་དུའང་། ང་དང་འདྲ་བར་རང་རྟོགས་གཤེན་རབ་པ་ཟེར་བའི་ཁེར་རྐྱང་གི་མི་ཞིག་གིས་ཀྱང་འདི་ལྟར་དུར་ཁྲོད་ལ་བལྟས་མྱོང་། ཁོས་དུར་ཁྲོད་ལ་ལྟ་དུས་དུར་ཁྲོད་ལས་མིའི་རིགས་ཀྱིས་གཅེས་སྐྱོང་ཚད་མེད་པར་བྱས་མྱོང་ཡང་། ད་ལྟ་མི་ཚོགས་ཀྱིས་མི་སྡུག་པ་དང་བཙོག་ཏུ་ལྟ་ཞིང་འཇིགས་སུ་རུང་བའི་མིའི་ཀེང་རུས་ཆག་གྲུམ་མང་པོ་ཞིག་ཐོར་ནས་ཡོད་པའི་རྣམ་པ་འདི་མཐོང་། ཁོས་རུས་ཆག་དག་གི་འབྱུང་ཁུངས་ལ་རྩད་གཅོད་བྱས་པས་སྙིང་པོ་མེད་པའི་མིའི་རུས་པ་འདི་དག་ནི་འཆི་བ་ལས་བྱུང་ཞིང་། འཆི་བ་ནི་རྒ་བ་དང་རྒ་བ་ནི་སྐྱེ་བ་ལས་བྱུང་བ་སོགས་ཕྱི་མ་ཕྱི་མ་དག་སྔ་མ་སྔ་མ་ལས་བྱུང་བའི་རྟེན་འབྲེལ་གྱི་གསང་བ་ཁྱད་མཚར་བ་ཞིག་རྟོགས་རྗེས། ཁོས་གཞི་ནས་འཁོར་བའི་རྩ་བ་རྩད་ཆོད་པར་གྱུར། མི་བདེ་བ་དང་སྡུག་བསྔལ་གྱི་ཚོགས་ཐམས་ཅད་མ་རིག་པ་ཞེས་པའི་ཡིག་འབྲུ་འདི་གསུམ་ལས་བྱུང་བ་ཤེས་ཏེ། ནགས་ཚལ་དབེན་པའི་ཁྲོད་དུ་རི་དྭགས་བསེ་རུ་ལྟར་གྲོགས་མེད་གཅིག་པུའི་ངང་སྒོམ་སྒྲུབ་བྱས་པས། མཐར་ཁོ་རང་འཁོར་བ་ལས་གྲོལ་སོང་ཟེར། ཐར་པ་ཐོབ་སོང་ཟེར། སྡུག་བསྔལ་ལས་རྣམ་པར་རྒྱལ་སོང་ཟེར། ངེད་གཉིས་དུར་ཁྲོད་ལ་ལྟ་རྒྱུ་དགའ་ཞིང་བལྟས་པ་ཡང་འདྲ་མོད། མི་འདྲ་ས་ནི་ཁོ་རང་འཁོར་བའི་རྒྱ་མཚོ་བརྒལ་ཏེ་ཡར་འགྲོ་མཁན་དང་ང་རང་ཞི་བའི་ལམ་ཆེན་བསྐྱུར་ཏེ་མར་འགྲོ་མཁན་གྱི་གྲས་ཡིན་པ་དེ་རེད་ཨང་།

ང་རང་འཆི་བ་ལ་ཤིན་ཏུ་སྐྲག་སྟེ། འཆི་བས་བློས་མི་ཐོང་བའི་ཚེ་རབས་ལས་ཀྱིས་འཛོམས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། སྙིང་ཉེ་བའི་ནང་བཅུད་ཀྱི་སེམས་ཅན་འདི་དག་དང་གཏན་བྲལ་བགྱི་འགྲོ་ཞིང་། འཆི་བས་རྒྱང་རིང་ལ་འཐེན་པའི་སྐྱེ་བ་འདིའི་རེ་བ་དང་བརྩེ་ཞེན་གྱི་དམུ་ཐག་ཡོད་ཚད་ཁྲིགས་སེར་གཅད་འགྲོ། འཆི་བས་ཆུང་བྱིས་དུས་ནས་དཀའ་སྤྱད་ཀྱིས་བསགས་པའི་ཤེས་རབ་དང་འཁྱེར་སོ་དག་ཐལ་བ་རྡུལ་དུ་བརླགས་ཏེ་ཤུལ་མེད་དུ་གཏང་འགྲོ་ཞིང་། སླར་ཡང་འཇིག་རྟེན་གསར་བ་ཞིག་ནས་ཆ་མེད་གྱི་མི་དང་གྲོགས་བསྒྲིགས་ཏེ་རྣམ་ཤེས་གསར་པ་ཞིག་གསོ་སྐྱོང་བྱས་རྗེས་འདུ་འབྲལ་ཞེས་པའི་ཁུར་པོ་ལྕི་མོ་འདི་རྒྱབ་ལ་ཁུར་ནས་སླར་ཡང་གཞན་ཞིག་ཏུ་འགྲོ་དགོས། དེ་ལྟར་བསམ་ཚེ་ང་རང་འཆི་བ་ལ་ཞེན་པ་གཏིང་ནས་ལོག་ཅིང་འཆི་བ་ལས་ཐར་འདོད་ཀྱི་ངེས་འབྱུང་སྤུ་སུད་མ་ཞིག་ཀྱང་ཏག་ཏག་སྐྱེ་ཡོང་མོད། ཤེས་བརྩོན་གྱི་གྲོགས་ཁྱད་པར་ཅན་གྱིས་མ་ཟིན་ན་ངེས་འབྱུང་ནི་ངེས་འབྱུང་ཙམ་སྟེ་རང་འདོད་ཀྱི་རྣམ་རྟོག་ཡན་གར་བ་ཙམ་མོ།།

ང་རང་འཆི་བ་ལ་བློ་ལོག་ཅིང་གསོན་པ་ལ་འདུན་པ་ཤུགས་དྲག་པ་དོན་དངོས་ཡིན་ན་ཡང་། ང་རང་དུར་ཁྲོད་ལ་དགའ་ཞིང་དུར་ཁྲོད་ནང་ཁེར་རྐྱང་ངང་གཅེར་གཟུགས་ཀྱིས་དུར་རྡོ་ལ་མགོ་བོ་བསྙེ་བར་རབ་ཏུ་སྤྲོ། ནམ་ཞིག་ང་རང་གནས་འདིར་ཐོན་ཏེ་ངའི་དོན་ལྔ་སྣོད་དྲུག་དག་བྱ་རྒོད་ཀྱི་ཟས་ཐུན་ཙམ་དུ་གྱུར་ཏེ། ང་ལ་མི་དགའ་ཞིང་སྡང་བའི་དགྲ་བོ་དག་གིས་དགོད་སྒྲ་ལྷང་ལྷང་དུ་སྒྲོག་ཅིང་། གློ་བ་ཉེ་བའི་སྙིང་སྡུག་གི་གྲོགས་དག་གིས་མིག་ཆུ་ཕྲོམ་ཕྲོམ་དུ་གཏོང་སྐབས། ངའི་མི་ཚེའི་དམིགས་ཡུལ་དང་དོན་གོ་ཡོད་ཚད་གྲུབ་སོང་བ་ཡིན། སྐབས་དེ་དུས་བདག་གིས་ངལ་གསོ་དང་བདེ་བའི་དབུགས་འབྱིན་གནང་ཆོག་སྟེ། ས་གཞིས་གནོན་མི་ཐུབ་པའི་ཤུགས་རིང་གི་འཕྱོ་རླབས་དེ་དུས་རང་འཇགས་སུ་འགྲོ་ངེས། ཆུ་ཡིས་བཤལ་མི་ཐུབ་པའི་ན་ཟུག་གི་དྲི་མ་དེ་དུས་རང་དག་ཏུ་འགྲོ་ངེས། མེ་ཡིས་འཚིག་མི་ཐུབ་པའི་ཆགས་སྡང་གི་ནགས་ཚལ་དེ་དུས་ཐལ་བར་བསྲེག་ངེས། རླུང་གིས་གཏོར་མི་ཐུབ་པའི་དྲན་གདུང་གི་སྤྲིན་པ་རང་དེངས་སུ་འགྲོ་ངེས། དེ་དུས་ང་རང་གཞི་ནས་ཐར་པ་ཐོབ་སོང་བ་ཡིན། སངས་རྒྱས་ཀྱི་གོ་འཕང་ཐོབ་སོང་བ་ཡིན། དེ་དུས་སྙིང་ཉེ་བའི་ཁྱོད་ཅག་ཀྱང་། “ཉོན་མོངས་མེད་ཅིང་སྡུག་བསྔལ་མེད།། སྐྱེ་འཆི་མེད་པའི་ཞིང་སྐྱེ་ཤོག། བདག་དང་གཞན་མེད་ཕྱོགས་རིས་བྲལ།། ངན་སོང་མཐོ་རིས་སྒྲ་མི་གྲགས།། ནད་དང་དབུལ་འཕངས་འཐབ་རྩོད་མེད།། བདེ་སྐྱིད་ཞིང་དེར་སྐྱེ་བར་ཤོག །”

༼ གཞི་ཚང་ཟླ་བ་གྲགས་པ། ༽