༡
ཉི་གཞོན་བུ་མོས་སྨག་གི་ཡོལ་བ་ཕྱེ།།
ཡོལ་བའི་ངོས་ན་དུག་སྡོམ་འཁྱམ་པོ་ཞིག །
གར་ཡོང་དྲིས་པས་མཛུབ་མོས་ནམ་མཁར་སྟོན།།
གར་འགྲོ་ཞུས་པས་སླར་ཡང་ནམ་མཁར་སྟོན།།
ནམ་མཁའི་མཐའ་ལ་མཐའ་ཞིག་མེད་དོ་སྐད།།
མཐའ་མེད་དེ་ཡི་སྟེང་ཕྱོགས་གོང་མ་ན།།
གོང་མ་ལྷ་ཡི་ལྡིང་ཁང་རང་བྱོན་ཡོད།།
དེ་ནས་འོངས་སམ་སྙམ་ནས་ཡང་བསྐྱར་དྲིས།།
དེ་སྐད་ཐོས་པས་སྡོམ་ནག་འཁྱམ་པོ་དེ།།
མིག་ཟུང་རིག་རིག་ཕྱག་ཟུང་གཡུགས་གཡུགས་དང་།།
སྨྲ་བ་འཆལ་འཆོལ་སེམས་པ་ལྷོད་ལྷོད་ངང་།།
སྲིད་པའི་རྨུ་ཐག་ལ་འཇུས་མཁའ་རུ་གཤེགས།།
༢
དགུང་གི་ཉི་མས་གཙང་པོའི་རླབས་རྒྱུན་གཡོས།།
རླབས་རྒྱུན་ཁྲོད་ན་ཉ་མོ་གཟའ་རོ་ཞིག །
གར་ཡོང་དྲིས་པས་འཁྱུག་བསྐོར་ལན་གསུམ་བརྒྱབ།།
གར་འགྲོ་ཞུས་པས་སླར་ཡང་འཁྱུག་བསྐོར་བྱས།།
མཚོ་མོའི་གཏིང་ལ་གཏིང་མཐའ་མེད་ན་ཡང་།།
གཏིང་གི་གཏིང་ན་ཀླུ་ཡི་ཕོ་བྲང་བཞུགས།།
རིན་བྲལ་ནོར་བུས་བཀང་ཞིང་གཏམས་པ་ཡོད།།
དེ་ནས་འོངས་སམ་སྙམ་ནས་ཡང་བསྐྱར་དྲིས།།
དེ་སྐད་ཐོས་པས་ཉ་མོ་འཛུམ་དང་བཅས།།
གར་གྱི་སྟངས་སྟབས་རླབས་ཀྱི་རྒྱུན་དང་བསྡེབས།།
གླུ་ཡི་འགྱུར་ཁུགས་སླར་ཡང་གར་དང་བསྡེབས།།
ལེན་བཞིན་འཁྲབ་བཞིན་གཙང་པོའི་འཇིངས་སུ་འཐིམ།།
༣
སྲོད་ཀྱི་བྱམས་པས་ཉིན་གྱི་ལྕི་བ་བཏུས།།
ལྕི་བའི་ངོས་ན་འབུ་ནག་གླེན་པ་ཞིག །
གར་ཡོང་དྲིས་པས་མིག་གིས་ས་ལ་ལྟ།།
གར་འགྲོ་དྲིས་པས་སླར་ཡང་ས་ལ་ལྟ།།
ས་གཞིའི་སྦུབ་ན་གནས་ཤིག་ཡོད་དགོས་ན།།
ལྷ་སྒྲུང་ནང་གི་དམྱལ་ཁམས་མ་གཏོགས་པའི།།
སེམས་ཅན་གནས་ས་གཞན་ཞིག་མ་མཐོང་བས།།
དེ་ནས་འོངས་སམ་སྙམ་ནས་ཡང་བསྐྱར་དྲིས།།
འབུ་ནག་རྭ་ཅོ་ཅན་དེས་དེ་ཐོས་འཕྲལ།།
མགོ་བོ་ཕུར་ཕུར་ལུས་པོ་གསེག་གསེག་དང་།།
སེམས་པ་སྤྲོ་སྤྲོ་གོམ་པ་འཁྱར་འཁྱོར་ངང་།།
བདེན་པའི་ཁུང་བུ་བརྒྱུད་ནས་ས་རུ་འཛུལ།།
༤
མཚན་གྱི་གོས་ཆེན་ས་གཞིའི་རྒྱན་དུ་བྱས།།
ས་གཞིའི་སྒང་ན་རྒོད་པོ་མཐུར་མེད་ཅིག །
གར་ཡོང་དྲིས་པས་རྨིག་པས་རྡེབ་རྡེབ་བྱེད།།
གར་འགྲོ་ཞུས་པས་སླར་ཡང་རྡེབ་རྡེབ་བྱེད།།
ས་གཞིའི་སྒང་ན་མི་ཡུལ་མ་གཏོགས་པའི།།
ཁྱད་མཚར་གནས་ཀྱི་བཀོད་པ་མ་མཐོང་ཞིང་།།
རང་བྱུང་ལྷུན་གྱི་མཛེས་སྡུག་མ་ཡོད་པས།།
དེ་ནས་འོངས་སམ་སྙམ་ནས་ཡང་བསྐྱར་དྲིས།།
དེ་སྐད་ཐོས་པས་ཅང་ཤེས་རྟ་ཕོ་འཛུམ།།
རྟ་ཕོའི་རྒྱབ་ཀྱི་འགྲོ་བ་མི་ཡང་སྤྲོ།།
མིའི་རིགས་འཚོ་བར་གོམས་པའི་གནས་འདི་ནི།།
བདག་གི་སེམས་ཀྱི་སྦས་ཡུལ་མ་ཡིན་ནམ།།
༼ ཉག་ཕྲན། ༽