སྤྱི་ཟླ12པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་རྫོང་དུ་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས་མེ་སྐྱོན་གྱི་སྣ་བརྡབས་བསླབ་བྱར་བསམ་ཞིབ་གང་ལེགས་བྱེད་ཅིང་། ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནགས་རྩྭ་མེ་ཟོན་མེ་གསོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་མེ་ཟོན་མེ་གསོད་ལས་དོན་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་པ། གོམས་གཤིས་རང་བཞིན་གྱི་བསམ་བློ་དོར་ནས་བློ་སྟོབས་ཆེན་པོ་དང་བྱ་ཐབས་དྲག་པོ་སྤྱད་དེ་དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་དམངས་ཡོངས་ཀྱིས་ཉེན་ཁ་སེལ་བ་བྱས་ཏེ། རེས་སྐོར་གསར་པའི་མེ་ཟོན་དུས་སྐབས་ཀྱི་འགོ་འཛུགས་སྟངས་ཡག་པོ་མེད་པའི་གནས་ཚུལ་འོག་ནགས་རྩྭ་མེ་ཟོན་ལས་ཀའི་འབྲས་བུ་བཟང་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས་མེ་སྐྱོན་ཡང་ཡང་ཤོར་བས་སེམས་ཁྲལ་ཆེ་ཞིང་བསྡད་ཐབས་བྲལ། ཉེ་དུས་ཉག་ཆུ་རྫོང་དུ་མཐོ་གནོན་གློག་སྐུད་ལས་ཐོན་པའི་མེ་སྐྱོན་གཉིས་བསྟུད་མར་བྱུང་ཡོད། རང་བློ་ནང་དུ་བསྡུས་ནས་སྣ་བརྡབས་བསླབ་བྱ་དང་དུ་བླང་དགོས། ད་སྔའི་གྲུབ་འབྲས་ནང་མགོ་འཐོམས་ནས་སྡོད་མི་རུང་ཞིང་གོམས་གཤིས་རང་བཞིན་གྱི་བསམ་བློ་རྩད་ན་འདོར་དགོས། གཅིག་ནས་བློ་སྟོབས་ཆེན་པོས་དོན་འཁྱོལ་དམ་འཛིན་རྒྱུན་འཁྱོང་དགོས་པ་དང་། གཉིས་ནས་བྱ་ཐབས་དྲག་པོ་སྤྱད་དེ་དོན་འཁྱོལ་དམ་འཛིན་རྒྱུན་འཁྱོང་དགོས། གསུམ་ནས་མཉམ་འབྲེལ་ལས་རེས་ལམ་ལུགས་བཙུགས་ནས་ལས་རེས་ལས་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)