国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣོད་ལྡན་སློབ་མར་སྤྲིངས་པའི་ཞུ་འཕྲིན།

དུས་ཚོད་དང་སྐར་ཆའི་སྒེའུ་ཁུང་བརྒྱུད་ནས།།

ཤེས་རིག་གི་འོ་ཇ་རྔམ་འཐུང་བྱེད་པའི།།

སྣོད་ལྡན་གྱི་བུ་སློབ་རིག་པའི་གཞོན་ནུ།།

རྣམ་དཔྱོད་ཀྱི་རྟ་ཕོའི་བང་ཁ་མ་ལྷོད།།

རྨི་ལམ་གྱི་གཤོག་ཟུང་གནམ་སའི་མཐའ་ཡིན།།

རེ་སྨོན་གྱི་ཕུགས་བསམ་རྒྱལ་ཁམས་ཆེན་པོ།།

ཡིད་ཆེས་ཀྱི་བློ་མིག་ནང་དུ་བཀུག་སྟེ།།

འབྱུང་འགྱུར་གྱི་འོད་སྣང་སེམས་ཀྱིས་ཕྲིས་ཤིག།

གྲུ་འཛིན་གྱི་རི་བོའི་ཡང་སྟེང་དེ་རུ།།

ཐོ་རེངས་ཀྱི་སྐར་ཆེན་འཛུམ་འཛུམ་དམུལ་བྱུང་།།

མི་ཡུལ་གྱི་སྐྱིད་གྲོང་ཡངས་པོ་འདི་རུ།།

ངང་སྒུག་གི་སྒོ་དར་ལྷེམ་ལྷེམ་བསྐྱོད་བྱུང་།།

ས་ཆེན་གྱི་མངལ་དུ་གཟིམ་ཆུང་བསྟར་ཡོད།།

ཤེས་བྱ་ཡི་བདུད་རྩི་དེ་རུ་སིམ་ཆོག།

ཡིད་ཆེས་ཀྱི་མགོ་བོ་མཐོ་རུ་བསྒྲེངས་ཏེ།།

མཐོ་རྒྱུགས་ཀྱི་གཡུལ་སར་སྤོབས་པས་འགྲིམས་ཤིག།

མ་འོངས་དང་ད་ལྟའི་ལམ་མདོ་དེ་རུ།།

འུ་ཅག་གིས་རེ་བའི་དབུ་ཁྱུད་འབྲི་ཆོག།

སྟོང་བསམ་གྱི་འདུན་མ་རྒྱབ་ཏུ་དོར་ཏེ།།

བདེན་གྲུབ་ཀྱི་སྦྱངས་འབྲས་ཁུར་དུ་ལེན་རོགས།།

ཤེས་རབ་ཀྱི་ལྷ་མོར་སྨོན་ལམ་མ་ཆད།།

སྨྱུག་རྩེ་རུ་དག་པའི་ཡིག་འབྲུ་ཤམ་ཤམ།།

ལོ་ཟླ་དང་དུས་ཀྱི་འཁོར་མོའི་ཀློང་ནས།།

དཔྱོད་ལྡན་གྱི་མཐོ་སློབ་བསམ་དོན་འགྲུབ་ཡོང་།།

དྭངས་གཙང་གི་ཤེས་བྱའི་བཅུད་ཀྱིས་གསོས་པའི།།

མཐོ་རྒྱུགས་ཀྱི་སྟེགས་བུར་གོམ་ཆུང་སྤོ་བའི།།

བློ་གསལ་གྱི་གཞོན་ཆུང་སྣང་བའི་འོད་ཆུང་།།

སྤོབས་སེམས་ཀྱི་ལང་ཚོར་གཤོག་པ་སྩོལ་ཅིག།

མཐོ་རྒྱུགས་ཀྱི་རྒྱུགས་རར་མ་འབྱོར་ཚུན་དུ།།

གང་དྲན་དུ་འབྲས་བུར་སྔོན་དཔག་མ་བྱེད།།

ཡིད་ཆད་དང་ང་རྒྱལ་ཕམ་ཁའི་རྒྱུ་ཡིན།།

ངང་བཟང་དང་བག་ལྷོད་རིང་དུ་སྐྱོངས་ཤིག།

རྒྱུགས་འབྲས་ཀྱིས་མི་ཚེའི་དར་རྒུད་མི་མཚོན།།

ཕུགས་བསམ་གྱི་རེ་བའི་སྐ་རགས་སྡོམས་ཤིག།

མཐོན་མཐིང་གི་རྒོད་པོའི་འཕུར་ལམ་ཞོད་དུ།།

སློབ་གྲོགས་ཚོའི་གཏན་གྱི་འདུན་མ་ཡོད་རེད།།

ཤེས་རིག་གི་པད་ཚལ་ཡངས་པོ་དེ་རུ།།

ན་ཚོད་ཀྱི་བདའ་འདེད་ཤིན་ཏུ་རྒོད་པས།།

ད་ཆ་ཡི་མཐོ་རྒྱུགས་ཐེམ་སྐས་འདི་ཡང་།།

བསམ་བསམས་ན་ཅིས་ཀྱང་འགྲིམ་དགོས་འདུག་གོ།

སྤྱོད་གཙང་གི་སྣོད་ལྡན་སློབ་བུའི་རུ་དཔུང་།།

རྒྱུགས་འབྲས་ཀྱི་རྒྱལ་ཕམ་སྐད་ཅིག་ཙམ་ཡིན།།

ཤེས་བྱ་ཡི་བདུད་རྩི་སྐལ་བའི་ནོམ་ཡིན།།

འོད་སྟོང་གི་ལམ་ཆེན་ཁྱོད་ཚོར་བསྟམས་ཡོད།།

ལེགས་ཚོགས་ཀྱི་གསུང་རབ་གྲངས་མེད་དྲུང་དུ།།

བཀྲ་ཤིས་པའི་སྨོན་ལམ་ཁྱོད་ཚོར་བཏབ་ཡོད།།

དབྱར་དྲུག་པའི་ཁུ་བྱུག་གསུང་སྐད་སྙན་མོས།།

དོན་འགྲུབ་པའི་ཤེས་རབ་ལྷ་མོ་བསུས་ཡོད།།

༼ མགར་ཐང་དཀར། ༽