国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་འདང་གི་དྲན་པ།

འཛུམ་མེ་ཏོག་སེར་པོའི་དབུ་ཞྭ་བསླ་དུས། །

སྙིང་བརྩེ་བའི་བདག་མོ་མཉམ་འགྲོགས་གནང་དང་། །

ཞལ་མཛེས་མོ་ལྷ་ཡི་སྐྱེ་གཟུགས་འདྲ་འདྲ། །

སེམས་དམར་པོའི་དབུས་ནས་ཡལ་རྒྱུ་མི་འདུག །

འོད་རིང་ནས་འཛུམ་དུས་སེམས་པ་སྐྱིད་སོང་། །

དབྱར་མེ་ཏོག་ནང་ལ་སྣང་བ་འཁོར་ཡོད། །

སྙིང་བུམ་པའི་མགོ་བོ་ཡར་ཡར་བཀྱག་པའི། །

མ་ན་ཆུང་སྒེག་མོའི་འཛུམ་དམུལ་དྲན་གི། །

དབྱངས་འགྱུར་ཁུག་གསོན་པོའི་དྲན་མགུར་ཐར་ཐོར། །

ཚིག་མི་གཤིག་རྡོ་རྗེས་རིང་ནས་བསྲུང་ན། །

མ་དབྱངས་ཅན་ལྷ་མོའི་ཞལ་རས་མཛེས་མོ། །

ང་ཅོལ་ཆུང་བུ་ཡི་བསྐོས་ཐང་ཡིན་འདྲ། །

ས་དོག་མོ་བྱེ་ཐང་སྐྱ་མོའི་དབུས་ནས། །

གནམ་འཁོར་ལོ་སྤྲིན་གྱི་མཁར་རྫོང་དེ་ནས། །

ནང་ཏིང་འཛིན་མཉམ་བཞག་སེམས་ཀྱིས་མ་ཐུལ། །

ང་སྣང་ཡན་སྒྱུ་མའི་རི་ནས་ལྷག་འདུག །

མ་དབྱངས་ཅན་ལྷ་མོའི་ཞལ་རས་ཡག་པ། །

སྤྲིན་ཆུ་འཛིན་དཀར་པོའི་དབུས་སུ་ཤར་ན། །

ངས་འཇིག་རྟེན་འཁོར་བའི་ཐང་ཆེན་ཞིག་ནས། །

སེམས་དད་པ་འགྱུར་མེད་ནམ་ཡང་སྒུག་ཡོད། །

གཟུགས་མཛེས་པོ་ལྷ་ཡི་བྱིན་རླབས་ཡིན་འདུག །

ནང་མེ་ཏོག་ནང་གི་སྐར་ཆེན་ཡིན་འདུག །

སྨན་བུ་མོའི་ནང་ནས་ཁྱད་དུ་འཕགས་པ། །

ངའི་བརྩེ་བའི་བདག་མོ་དབྱངས་ཅན་ཁྱེད་རང་། །

འབྲོག་སྦྲ་ནག་སྨུག་པོའི་རི་མཚེར་དེ་ནས། །

ངག་སྙན་འཇེབས་བདེ་མོ་གླུ་དབྱངས་བཀུག་པའི། །

གཟུགས་སྐྱེ་ལོ་ལྷག་པའི་ན་ཆུང་བུ་མོ། །

ངའི་མི་ཚེ་ནང་གི་གཏན་གྲོགས་ཡིན་ནོ། །

ནང་མེ་ཏོག་དཀར་དམར་མིག་ལ་མཛེས་སོང་། །

དགུང་ཉི་ཟླའི་འོད་ཟེར་རི་འགོར་མཛེས་སོང་། །

ངག་སྒྱུ་འཕྲུལ་དབྱངས་ཀྱི་རྒྱང་གླུ་འདི་ཡང་། །

སྡེ་ཆེན་པོའི་དབུས་ནས་སུ་ལ་བླང་འདོད། །

༼ ཁམས་ཟླ་སྲས། ༽