国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདྲེ།

“བླ་མ་ལགས། མདང་དགོང་ང་ལ་རྨི་ལམ་དང་འཁྲུལ་སྣང་གང་ཡིན་མི་ཤེས་ཀྱང་། མཚན་དཀྱིལ་དུ་ངའི་མལ་ཁྲིའི་འགྲམ་དུ་བུད་མེད་ཅིག་མགོ་བོ་བསྒུར་ནས་འདུག་ཡོད་པའི་སྣང་བ་ཞིག་བྱུང་། ང་རང་ལ་འཇིགས་སྔངས་ཆེན་པོ་ཞིག་བྱུང་། ཅུང་མིན་ཚེ་སེམས་ཐོག་ལ་བུད་སོང་། ”ཕུལ་ཕུལ་གྱིས་སྒོར་བརྒྱ་དང་དར་དཀར་ཞིག་བླ་མའི་མདུན་དུ་འཕངས་རྗེས་བླ་མའི་ཅི་གསུང་ལ་རེ་སྒུག་བྱས། ཁོང་ལ་ཅི་བྱུང་ཚོད་ཀྱིས་མི་ཐིག་ཀྱང་། ཚོད་བགམ་བྱས་ན་འཇིགས་སུ་རུང་བའི་དོན་དག་ཅིག་བྱུང་ཡོད་པ་འདྲ་སྟེ་ཁོའི་ངོ་གདོང་ཡོངས་སྐྱ་བོར་གྱུར་པ་དང་། མིག་ཟུང་གིས་ཉམས་དམས་སུ་གྱུར་པའི་ཚོར་བ་ཞིག་སྟེར་བར་བྱེད། བླ་མས་ཕྲེང་བ་ཕྱག་གཉིས་ཀྱིས་བཟུང་སྟེ་སྤྱི་གཙུག་ཏུ་བླངས་རྗེས་ཁ་ནས་མུར་མུར་ཅི་ཞིག་འདོན་བྱུང་། དེ་ནས་བླ་མས་ཕྱག་གཉིས་ཀྱིས་ཕྲེང་བ་འཕུར་འཕུར་འགའ་བྱས་རྗེས་མིག་ཟུང་ཤུགས་ཀྱིས་བསྡུས་ཏེ“བུད་མེད་དེ་ངོ་ཤེས་པ་ཞིག་རེད་དམ། ངོ་མི་ཤེས་པ་ཞིག་རེད།”བླ་མས་མིག་ཟུང་འཛུམས་བཞིན་ཕུལ་ཕུལ་ལ་དེ་ལྟར་དྲིས་བྱུང་། “བླ་མ་ལགས། བུད་མེད་དེ་ངོ་མི་ཤེས་པ་ཞིག་རེད་ལགས།”ཕུལ་ཕུལ་གྱིས་མདང་དགོང་གི་རྨི་ལམ་ལམ། ཡང་ན་འཁྲུལ་སྣང་དེ་ལ་ཞིབ་འདང་ཞིག་བརྒྱབ་རྗེས་དེ་ལྟར་སྨྲས། “ཁྱོད་རང་དེ་ལ་སྐྲག་མི་ཉན་པར་འདུག། སྟོན་པ་བཅོམ་ལྡན་འདས་ཀྱིས་རྨི་ལམ་ནི་མེད་པ་དང་འདྲའོ་ཞེས་གསུངས་ཡོད་པ་རེད། ”ཅེས་བླ་མའི་བདེན་ཅོག་ཅོག་གིས་དེ་ལྟར་སྨྲས། དེར་མཐུད་དེ“ཡང་གཅིག་བྱས་ན།རྒྱལ་འདྲེ་དང་མོ་འདྲེ་གང་རུང་ཞིག་གིས་གནོད་པ་བརྩམ་པར་རེད། ཁྱོད་རང་དེ་ལ་འཇིགས་པ་དང་སྐྲག་སྔངས་སྐྱེས་ན་ཁྱོད་ལ་གནོད་སྐྱེལ་ཤག་རེད། ”བླ་མས་དེ་སྐད་གསུངས་རྗེས་ཅི་ཞིག་འཚོལ་གྱིན་འདུག། ཡུད་ཙམ་གྱིས་བླ་མས་ཁོང་ལ་སྲུང་འཁོར་ཞིག་བྱིན་ནས། “དོ་དགོང་འདི་མགུལ་དུ་ཐོགས། འདི་མལ་ཁྲིའི་འགྲམ་མམ་ཡང་ན་བུད་མེད་ཡོད་ས་གང་དེར་སྦྱོར།”ཟེར་ནས་ཕུལ་ཕུལ་ལ་རྒྱལ་འདྲེ་སྲུང་འཁོར་ཞིག་དང་མོ་འདྲེ་སྲུང་འཁོར་ཞིག་བྱིན། ཕུལ་ཕུལ་གྱིས་བླ་མའི་བཀའ་ལྟར་བྱས་ཏེ་རྒྱལ་འདྲེ་སྲུང་འཁོར་དེ་མལ་ཁྲིའི་འགྲམ་གྱི་གྱང་ངོས་སྦྱར་བ་དང་མོ་འདྲེ་སྲུང་འཁོར་དེ་མགུལ་དུ་བཏགས་ཏེ་བློ་བདེ་བག་ཕེབས་ངང་མལ་དུ་ཉལ། ཕྱི་ཉིན་ནངས་སྔ་མོ་ནས་ཡར་ལངས་ཏེ་དར་དཀར་གཅིག་དང་སྒོར་མོ་བརྒྱ་ཁུར་ཏེ་བླ་མ་མཇལ་དུ་སོང་། ཕུལ་ཕུལ་བླ་མའི་གཟིམས་ཁང་གི་སྒོ་ཁར་སླེབས་དུས་བླ་མའི་ཞལ་ཏ་པ་དང་གཞན་རྣམས་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱིན་འདུག། ཕུལ་ཕུལ་གྱིས་ཅི་བྱུང་མ་ཤེས་པར་ཞལ་ཏ་པ་ལ“ཅི་ཞིག་བྱུང་སོང་།”ཞེས་དོགས་པ་དང་བཅས་པའི་སྒོ་ནས་དྲིས། “བླ་མ་སྙུང་བཞིན་འདུག།”ཞལ་ཏ་པས་བྲེལ་འཚུབ་ཀྱིས་དེ་ལྟར་སྨྲས། ཕུལ་ཕུལ་ཡིད་མི་ཆེས་པར་གྱུར། བླ་མ་སྐུ་ན་ཆུང་བ་དང་མདང་ཡང་སྐུ་བདེ་ཡིན་པས་གློ་བུར་དུ་ཅི་ཞིག་བྱུང་སོང་སྙམ་མུར་ཁོའི་ཡིད་ལ་བླ་མའི་གསུང་གཅིག་དྲན་བྱུང་། ཁ་སང་ཁོ་རང་བླ་མ་དང་གྱེས་ཏེ་ཕྱིར་ལོག་ཁར་བླ་མས་ཁོ་ལ“ངའི་སྲུང་འཁོར་ཁྱོད་ལ་ཕུལ་ཚར། དོ་དགོང་ཁྱོད་ལ་རྨི་ལམ་དང་འཁྲུལ་སྣང་ཅི་ཡང་འབྱུང་མི་སྲིད་པ་དང་། ཁྱོད་ལ་གང་གིས་ཀྱང་གནོད་མི་ཚུགས།”ཞེས་པའི་གསུངས་དེ་དྲན་བྱུང་། དེ་མ་ཐག་ཁོའི་སེམས་ལ་འཚུབ་ཆ་ཆེན་པོ་ཞིག་སྐྱེས་བྱུང་བ་དང་མཉམ་དུ་བླ་མ་ལ་དད་པ་ཞིག་ཀྱང་སྐྱེས་བྱུང་།

༼ སྦྲ་འཚོ། ༽