国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོགས་པོ་ནོར་བུ་བསྟན་འཛིན།

གྲོགས་པོ་ནོར་བུ་བསྟན་འཛིན་གཞན་པ་གང་དང་མི་འདྲ།།

བརྩེ་བའི་ལག་ཟུང་སྦྲེལ་དུས་ཁྲེལ་དང་ཕྱི་ཐག་ལྡན་པ།།

དུང་བའི་བློ་ཕུགས་གཏད་དུས་སེམས་ཀྱི་དམ་བཅའ་བརྟན་པ།།

ཁྱོད་དང་ང་གཉིས་ལས་དབང་འཇིག་རྟེན་འདི་ནས་མཉམ་སོང་།།

གྲོགས་པོ་ནོར་བུ་བསྟན་འཛིན་གཞན་པ་གང་དང་མི་འདྲ།།

སྐྱིད་དུས་དགོད་སྒྲ་ཁྱེར་ནས་ང་ལ་སེམས་ཀྱིས་སྐྱོར་བ།།

སྐྱོ་དུས་སྨྲེང་བ་བཤད་ནས་འཇོན་མདོག་ཁ་ཕོ་མི་བཏོན།།

ཁྱོད་དང་ང་གཉིས་སེམས་པ་འཇིག་རྟེན་འདི་ནས་མཐུན་སོང་།།

གྲོགས་པོ་ནོར་བུ་བསྟན་འཛིན་གཞན་པ་གང་དང་མི་འདྲ།།

ཕྱུག་དུས་སྤོབས་སེམས་མེད་པར་གྲོགས་ལ་འདྲ་མཉམ་ལྟ་བ།།

དབུལ་དུས་ཕྲག་དོག་མེད་པར་གྲོགས་ལ་སེམས་ཀྱིས་བརྟེན་པ།།

ཁྱོད་དང་ང་གཉིས་འཚོ་བ་ས་སྟེང་འདི་ན་འདྲེས་ཡོད།།

གྲོགས་པོ་ནོར་བུ་བསྟན་འཛིན་གཞན་པ་སུ་དང་མི་འདྲ།།

མཐོན་པོའི་འཐོབ་བྱ་རྩོད་ནས་དམའ་ལ་མཐོང་ཆུང་མི་བྱེད།།

ཕྱུག་པོའི་ཞལ་ངོ་ལྟ་བཞིན་སྤྲེལ་ལད་འཁྲབ་ལ་མ་བྱང་།།

ཁྱོད་དང་ང་གཉིས་ལས་དབང་འཁོར་བའི་གྲོང་ན་མཐུན་སོང།།

གྲོགས་པོ་ནོར་བུ་བསྟན་འཛིན་གཞན་པ་གང་དང་མི་འདྲ།།

ཐོབ་དང་དབང་ལ་མི་འབད་རྒྱུ་འབྲས་སྲོག་གིས་གཅེས་པ།།

ཕན་ཚུན་གཅེས་པའི་གྲོགས་པོ་ཨ་གསར་འགྱུར་བ་མི་སྲིད།།

ཁྱོད་དང་ང་གཉིས་མཛའ་བརྩེ་གོ་ལ་འདི་ནས་རྙེད་སོང་།།

༼ རྡོ་རྗེ་ཐར་ལམ། ༽