国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་བའི་ལག་རྡང་དམ་པོར་སྦྲེལ།། སྐྱིད་པའི་སྐོར་བྲོ་མཉམ་དུ་འཁྲབ།།

སྐོར་བྲོའི་གླུ་དབྱངས་སྙན་མོ་ཞིག་ས་སྲོད་མཚམས་སྤྲིན་གྱི་མདངས་དང་འགྲོགས་ནས་རྡོ་མཁར་གནའ་གྲོང་གི་མཁའ་དབྱིངས་ནས་ལྷང་ལྷང་དུ་གྲགས་བྱུང་ལ། གླུ་དབྱངས་སྙན་མོ་དེས་གནའ་གྲོང་འདིའི་སྐྱེ་འགྲོ་ཡོངས་རྫོགས་གཉིད་ལས་དཀྲོགས་པ་བཞིན། ཕྱོགས་བཞིའི་སྲང་ལམ་གྱི་ཐང་ཆེན་དུ་བོད་ལྭ་དང་འཇང་ལྭ། ལི་སུའུ་རིགས་ཀྱི་ལྭ་བ་གོན་མཁན་གྱི་མི་ཚོགས་ཀྱིས་སྙན་མོའི་གླུའི་འགྱུར་ཁུག་དང་བསྟུན་ནས་སྐོར་བྲོ་འཁྲབ་འགོ་བརྩམས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བརྩེ་བའི་ལག་རྡང་དམ་པོར་སྦྲེལ་ནས་སྐྱིད་པའི་སྐོར་བྲོ་མཉམ་དུ་འཁྲབ། ཁོ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོའི་སྟངས་སྟབས་ཐོག་ནས་བདེ་ཆེན་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དང་རིག་གནས་ཀྱི་སྙིང་བཅུད་མངོན་པར་མ་ཟད། མི་རིགས་ཁག་བར་གྱི་ཆེས་མཛེས་སྡུག་ལྡན་པའི་མཐུན་སྒྲིལ་གྱི་བསམ་འདུན་ཐུན་མོང་ཐོག་མཚོན་པར་བྱས་པ་རེད།

སྤྲོ་དགའ་ཡི་སྐོར་བྲོ་མཉམ་དུ་འཁྲབ།

སྐོར་བྲོ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞབས་བྲོ་ཞིག་ཡིན་ལ། དེ་ནི་བོད་ཀྱི་མཚར་སྡུག་འོད་སྟོང་འཕྲོ་བའི་མི་རིགས་རིག་གནས་ཁྲོད་ཀྱི་ལྟ་ན་སྡུག་པའི་རིག་གནས་ཀྱི་མིང་བྱང་ཞིག་ཀྱང་ཡིན། སྐོར་བྲོ་ཡིས་བོད་མི་རིགས་ཀྱི་རིག་གནས་བརྒྱུད་སྤེལ་དང་བོད་མིའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྣང་བརྙན་ཤིག་ཀྱང་མཚོན་པར་བྱས་ཡོད། 2006ལོར་སྐོར་བྲོ་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་འཇུག་པའི་ཆོག་མཆན་ཐོབ་པ་རེད།

ཕ་ཡུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཡུལ་ཤོག་ཐང་སྨད་གྲོང་ཚོའི་ཨ་ཅེ་ཨ་སྒྲོན་ནི་ལས་འཁྱུར་ངལ་གསོ་བ་ཞིག་ཡིན། མོས་ལུས་སུ་བོད་ལྭ་གོན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤམ་བྷ་ལ་སྤྱི་གླིང་དུ་སྐོར་བྲོ་འཁྲབ་དུ་སོང་། མོས་ངས་སྐོར་བྲོ་འཁྲབ་ནས་ལོ་གཉིས་སོང་ཡོད། དེ་སྔོན་ལས་འཁྱུར་ངལ་གསོ་བྱས་རྗེས། ཁོམ་པ་ཡོད་པས་ཅི་བྱ་དགོས་པ་ཤེས་ཀྱི་མི་འདུག། དུས་ད་ལྟ་ཉིན་རྒྱུན་སྐོར་བྲོ་འཁྲབ་སར་འགྲོ་བཞིན་ཡོད་པས། སེམས་ཧ་ཅང་སྐྱིད་པར་མ་ཟད། ལུས་ཁམས་ཡང་བདེ། སྐོར་བྲོ་འཁྲབ་པར་བརྒྱུད་ང་རང་གིས་མི་རིགས་གཞན་པའི་གྲོགས་པོ་མང་པོ་ངོ་ཤེས་པར་མ་ཟད། མི་རིགས་གཞན་གྱི་ཞབས་བྲོ་ཡང་འཁྲབ་ཤེས་སོང་། ང་ཚོའི་སྐོར་བྲོ་ཚོགས་པ་འདི་རུ་བོད་རིགས་དང་འཇང་རིགས། ལི་སུའུ་རིགས་སོགས་མི་རིགས་དྲུག་བདུན་ཡོད་ལ། ཚོགས་པའི་ནང་གི་གྲོགས་པོའི་ནང་མི་གཉེན་སྒྲིག་སོགས་བྱེད་སྐབས་ང་ཚོས་སྐོར་བྲོ་འཁྲབ་དུ་འགྲོ་བཞིན་ཡོད། སྤུན་ཟླ་མི་རིགས་བར་གྱི་འབྲེལ་བ་ཧ་ཅང་བཟང་། ང་ཚོ་ཕན་ཚུན་བར་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཡོད་ཅེས་བཤད་བྱུང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤམ་བྷ་ལ་གྲོང་རྡལ་ཆུང་ངུ་རུ་གཞིས་ཆགས་པའི་གྲོང་མི་ཧོ་ཅིན་མིང་ནི་འབང་ལུང་རྫོང་པོ་ཧོ་གྲོང་རྡལ་གྱི་གྲོང་མི་ཡིན་ལ། མོ་ཡང་སྐོར་བྲོ་འཁྲབ་རྒྱུར་ཤིན་ཏུ་དགའ། དེ་སྔོན་མོས་དགོང་ཇ་བཏུང་ཚར་རྗེས། དུས་རྒྱུན་དུ་རྡོ་མཁར་གནའ་གྲོང་དང་དཀྱིལ་འཁོར་ཐང་ཆེན་སོགས་སུ་སྐོར་བྲོ་འཁྲབ་ཏུ་སོང་ནས་ལུས་ཕུང་སྦྱོང་བརྡར་བྱེད་ཀྱི་ཡོད། ལོ་གང་མང་ལ་སྐོར་བྲོ་འཁྲབ་པར་བརྒྱུད། གྲོགས་པོ་མང་པོ་ཤིག་ངོ་ཤེས་སོང་། སྐད་འཕྲིན་གྱི་ཚོགས་པ་ཡང་ཡོད། བདེ་ཆེན་དུ་མི་རིགས་མང་པོ་ཡོད་ལ་དུས་ཆེན་ཡང་ཤིན་ཏུ་མང་། གྲོགས་པོ་རྣམས་ཀྱིས་རང་མི་རིགས་ཀྱི་དུས་ཆེན་ཐོན་ཚེ། མཉམ་དུ་དུས་ཆེན་ལ་རོལ་ནས་མི་རིགས་ཁག་གི་རིག་གནས་ལ་རྒྱུས་ལོན་བྱེད་ཀྱིན་ཡོད། ད་ལོར་ང་ཚོས་མཉམ་དུ་དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན་ལ་རོལ་བར་མ་ཟད། བོད་མི་རིགས་ཀྱི་ལྔ་པའི་རྟ་རྒྱུག་གི་སྐབས་སུ་ཡང་མཉམ་དུ་རྟ་རྒྱུག་ལ་ལྟ་བ་དང་སྤྲོ་གསེང་བཏང་ནས་དུས་ཆེན་ལ་རོལ་བ་ཡིན། སྤུན་ཟླ་མི་རིགས་བར་ཕན་ཚུན་སྤེལ་རེས་དང་འབྲེལ་འདྲིས། རོགས་རམ་བྱེད་ཀྱིན་ཡོད། དེ་མིན་ང་ཚོས་དུས་རྒྱུན་དུ་རྐང་ཐང་དུ་འགྲོ་བ་དང་རི་ལ་འཛེགས་པ། མཉམ་དུ་སྐོར་བྲོ་འགྲེམ་འཁྲབ་ཏུ་འགྲོ་བ་སོགས་ཀྱི་བྱ་འགུལ་ཡང་སྣ་མང་སྤེལ་བཞིན་ཡོད་ཅེས་བཤད་བྱུང་།

ཉེ་བའི་ལོ་ཤས་རིང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་སུ་ཕྱིན་པ་དང་། སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཀྱང་དར་སྲོལ་དུ་གྱུར་ཡོད། སྐོར་བྲོ་ལྟ་བུའི་རང་འདོད་རང་བཞིན་དང་འཁྲབ་སྟོན་རང་བཞིན་གཞི་གཅིག་ཏུ་འདྲེས་ནས་ལུས་སྦྱོང་དང་། ཁམས་བདེ་སོགས་ཀྱི་ནུས་པ་ཐོན་ཐུབ་པའི་ཞབས་བྲོ་དེ་རྒྱ་ཆེ་བའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་འཚོ་བ་བསུ་སྟངས་ཤིག་ཏུ་གྱུར་ཡོད་པས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དེ་བས་བསྐུལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པ་དང་། གྲོང་ཁྱེར་གྱི་ཤེས་དཔལ་དར་སྲོལ་གསར་པ་གཏོད་པ་དང་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད་པ་རེད།

མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད།

རྡོ་མཁར་གནའ་གྲོང་ལ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པ་དང་། དེ་ནི་སྔོན་ཆད་བོད་འབྲེལ་ས་ཁུལ་དང་ཡུན་ནན་གྱི་མི་རིགས་རིག་གནས་འབྲེལ་འདྲིས་ཀྱི་སྒེའུ་ཁུང་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཀྱི་ལྟེ་བའང་ཡིན་པ་རེད། དུས་ད་ལྟའང་གནས་འདི་ནི་བོད་རིགས་ཀྱིས་གཙོས་པའི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པ་དང་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་མི་རིགས་སྣ་མང་གི་རིག་གནས་མཉམ་འདྲེས་མཉམ་གནས། ཞི་མཐུན་འཕེལ་རྒྱས་སོགས་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་མཛེས་ལྗོངས་ཤིག་ཆགས་ཡོད་པར་མ་ཟད། ཡུལ་སྐོར་བ་དང་ཡུལ་མི་རྣམས་ཀྱིས་ཕན་ཚུན་བརྩེ་བའི་ལག་རྡང་མཉམ་དུ་སྦྲེལ་ནས། གཅིག་ལ་གཅིག་བརྟེན་གྱིས་འཆམ་མཐུན་སྐོར་བྲོ་འཁྲབ་ནས་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་གྱི་མིང་བྱང་ལྟ་བུར་གྱུར་ཡོད།

ཧྥུ་ཅན་ནས་ཡོང་བའི་ཀྲང་ལིང་བཟའ་ཟླ་གཉིས་ཀྱིས་རྡོ་མཁར་གནའ་གྲོང་གི་ཕྱོགས་བཞིའི་སྲང་ལམ་དུ་སྐོར་བྲོའི་གླུ་དབྱངས་དང་བསྟུན་ནས་མི་ཚོགས་སུ་སྐོར་བྲོ་འཁྲབ་བཞིན་འདུག། སྐུ་ཞབས་ཀྲང་ལིང་གིས་ང་རང་ཐེངས་དང་པོར་སེམས་ཀྱི་ཉི་ཟླར་ཡོང་བ་ཡིན། རྡོ་མཁར་གནའ་གྲོང་དུ་འདུ་འཛི་རབ་ཏུ་ཆེ། དེ་རིང་རྡོ་མཁར་གནའ་གྲོང་ནས་བོད་ཟས་ལ་རོལ་བར་མ་ཟད། བོད་ལྭ་གོན་ནས་སྒྱུ་རྩལ་གྱི་པར་ཡང་བརྒྱབ་པ་ཡིན། ད་ནི་སྐོར་བྲོ་ཡང་འཁྲབ་པས། སེམས་པ་དངོས་ནས་སྐྱིད་བྱུང་། གནས་འདིའི་སྐོར་བྲོ་ནི་མི་རིགས་མང་པོའི་བྲོ་མཉམ་དུ་འདུས་ཡོད། འདི་ལ་དངོས་གནས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདུག། ད་ནི་ང་རང་གིས་མི་རིགས་ལྔ་དྲུག་གི་ཞབས་བྲོ་འཁྲབ་ཤེས་ཞེས་ཟེར་ན་ཆོག་ཅེས་ཀུ་རེའི་ཞོར་དུ་བཤད་བྱུང་།

རྡོ་མཁར་གནའ་གྲོང་གི་ཕྱོགས་བཞི་སྲང་ལམ་དུ་ཟ་ཁང་གཉེར་བཞིན་པའི་སྤྱིན་བདག་ཨ་ཁུ་པད་མ་རྒྱལ་ནི་སེམས་ཀྱི་ཉི་ཟླ་རུ་བོད་ཟས་ཀྱི་ཟ་ཁང་བཙུགས་ནས་ལོ་མང་པོ་འགོར་ཡོད། ཁོས་བདེ་ཆེན་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་སོང་བ་དང་བསྟུན། སེམས་ཀྱི་ཉི་ཟླར་འོང་མཁན་གྱི་ཡུལ་སྐོར་བའང་དེ་སྔོན་ལས་མང་། རྡོ་མཁར་གནའ་གྲོང་དུའང་ཚོང་ཁང་དང་ཟ་ཁང་འཛུགས་མཁན་ཡང་དེ་སྔོན་ལས་ཇེ་མང་དུ་སོང་འདུག། ངེད་ཚང་གི་ཟ་ཁང་ནས་སྐོར་བྲོ་ལ་བལྟ་ཆོག། ཡུལ་སྐོར་བ་འགའ་རེས་ཕྱི་དྲོ་ནས་བཟུང་ཟ་ཁང་དུ་ཡོང་ནས་སྐོར་བྲོ་འཁྲབ་རྒྱུ་ལ་སྒུག་པ་རེད། དགོང་མོའི་སྐབས་སུ་ཕྱོགས་བཞིའི་སྲང་ལམ་གྱི་ཐང་ཆེན་དུ་མི་ཚོགས་ཀྱིས་གང་འདུག་ལ། ངེད་ཚང་གི་ཟ་ཁང་དུའང་མགྲོན་པོས་ཁེངས་ཡོད་ཅེས་ངོ་ལ་འཛུམ་དང་བཅས་པས་བཤད་བྱུང་།

རྡོ་མཁར་གནའ་གྲོང་དུ་མི་རིགས་ཁག་གི་རིག་གནས་སྣ་མང་ལ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་བྱས་ཡོད་དེ། བོད་ཀྱི་ལོ་གསར་དང་དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན་སོགས་མི་རིགས་ཁག་གི་དུས་ཆེན་གང་ཡིན་རུང་ཚང་མས་མཉམ་དུ་དུས་ཆེན་དང་བསྟུན་ནས་མི་རིགས་ཁག་གི་རིག་གནས་ལ་མཉམ་དུ་རོལ་ནས་ཁྱིམ་ཚང་གཅིག་ལྟར་བརྩེ། གཞན་རྡོ་མཁར་གནའ་གྲོང་དུ་ཁྱིམ་ཚང་གཅིག་ལ་མི་རིགས་དྲུག་བདུན་ཡོད་པའི་ཁྱིམ་ཚང་ཡང་ཡོད་པས། སྣ་མང་རིག་གནས་མཉམ་འདྲེས་དང་སྤེལ་རེས་ཀྱི་གཞི་རྟེན་དུ་གྱུར་ནས་མི་རིགས་ཁག་གི་མང་ཚོགས་གནས་འདི་ནས་འཆམ་འཐུན་མཉམ་གནས་ཀྱི་བདེ་སྐྱིད་འཚོ་བ་རོལ་དང་རོལ་བཞིན་ཡོད།

བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན།

སྤྲིན་དཀར་གྱི་བང་རིམ་གསེང་ནས་དཀར་གསལ་ཟླ་བ་དལ་བུར་ཤར་བ་དང་བསྟུན། ངོ་མཚར་མཛེས་དགུས་མིག་ཟུང་དབང་མེད་འཕྲོག་པའི་རྡོ་མཁར་གནའ་གྲོང་ནི་གསོན་ཤུགས་རྣམ་པར་རྒྱས་པས་ག་ས་གང་དུ་འདུ་འཛི་རབ་ཏུ་ཆེ། གཙང་ཞིང་འོད་འཁྱུག་པའི་རྡོ་གཅལ་སྟེང་དུ་ཡར་འགྲོ་མར་འོང་གི་ཡུལ་སྐོར་བ་ནི་ནམ་མཁའི་སྐར་ཚོགས་བཞིན་མང་ལ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དང་ཁྱད་ལྡན་ཡུལ་ཟས་ལའང་ཡུལ་སྐོར་བའི་དགའ་བསུ་ཚད་མེད་ཐོབ།

ལྷག་པར་དུ་ཡུལ་སྐོར་བ་དང་མི་རིགས་སྣ་མང་གི་ས་གནས་མང་ཚོགས་ཀྱིས་བརྩེ་བའི་ལག་རྡང་མཉམ་དུ་སྦྲེལ་ནས་སྙན་འཇེབས་གླུའི་འགྱུར་ཁུག་དང་གར་གྱི་སྟངས་སྟབས་ཀྱིས་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཆགས་ནས་སེ་འབྲུ་ལྟར་གཅིག་ཏུ་མཐུན་པའི་མི་སེམས་འགུལ་བའི་རི་མོ་བྲིས་ཏེ་མཛེས་སྡུག་ལྡན་པའི་དུས་རབས་ལ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་སེམས་པ་མཚོན་ཡོད།

གནས་འདི་ནས་མི་རིགས་ཁག་གི་སྤུན་ཟླ་མཉམ་དུ་འཛོམས་ནས་དུས་ཆེན་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱིད་པའི་གླུ་དབྱངས་མཉམ་ལེན་དང་མཛེས་པའི་སྐོར་བྲོ་མཉམ་འཁྲབ། ཞིམ་པའི་ཟས་མཆོག་མཉམ་ཟ། དགའ་བའི་དུས་ཆེན་མཉམ་གཏོང་བྱས་ནས་འཆམ་མཐུན་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཁྲོད་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུས་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་སུ་མྱོང་བར་བྱས་སོ།།

(པད་མ་མཚོས་བྲིས་ཤིང་པར་བླངས།)