国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པའི་ཚན་པ་ཁ་བ་ཅན་ལ་ཉེ་བར་མཁོ་བའི་རིན་ཆེན་འབྲུའི་ཤེས་བྱ།

ཧོར་ཁོག་ཟླ་བཟང་གིས་བྲིས།

(《 ཁམས་པའི་འཛུམ་མདངས། 》སྤྱིའི་འདོན་ཐེངས་བཞི་བརྒྱ་ང་བཞི་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )

དེང་སང་མིའི་ཉམས་མྱོང་ལྟར་བྱས་ན། མ་གཞི་ལོ་ཏོག་རིགས་ཤིག་མྱུ་གུ་འབུས་པ་ནས་འབྲས་བུ་ཐོན་པའི་བར་ལ་ཕྱི་ནང་གི་རྒྱུ་དང་རྐྱེན་མང་པོ་ལ་བརྟེན་དགོས་ཤིང་། རྒྱུ་རྐྱེན་དེ་དག་རགས་བསྡུས་བྱས་ན་རྒྱུད་འདེད་པའི་ལྷན་སྐྱེས་ཀྱི་ནང་རྒྱུ་དང་། ཁོར་ཡུག་གི་ཕྱི་རྐྱེན། སོ་ནམ་བྱེད་སྟངས་ཀྱི་ལག་རྩལ་གྱི་རྒྱུ་རྐྱེན་བཅས་གསུམ་དུ་འདུས་ཐུབ། དེ་ལས་ལྷན་སྐྱེས་ཀྱི་རྒྱུ་ལ་དཔེར་ན་ཕོན་པོའི་ནས་དང་སྨིན་རྫོང་གི་ནས་ཞེས་པ་ལྟ་བུ་ཡུལ་དུས་ཀྱི་ཁྱད་པའི་དབང་གིས་ལོ་ཏོག་ལ་རང་བྱུང་དུ་རྒྱུ་རྐྱེན་མི་འདྲ་བར་འགྱུར་བའི་རང་བྱུང་རྣལ་མའི་རྒྱུ་རྐྱེན་དང་། འབྲས་བུ་མང་པོ་འབྱུང་བ་དང་ལོ་དགྲ་འགོག་པའི་ནུས་པ་ཆེ་བ་སོགས་ཀྱི་ཆེད་དུ་མིས་སྡེབ་སྦྱོར་བྱས་ཏེ་ས་བོན་གྱི་གཞི་རྒྱུ་ལ་འགྱུར་བ་གཏོང་བ་ལྟ་བུ་མིས་སྡེབ་སྦྱོར་བྱས་པ་སོགས་མི་འདྲ་བ་ཡོད། དེ་བཞིན་ཁོར་ཡུག་གི་རྐྱེན་ལའང་འོད་དང་། དྲོད་ཚད། རླན་ཆ། ལུད་རྫས་སོགས་མི་འདྲ་བ་ཡོད་ཅིང་། དེ་ལས་འོད་ཀྱི་བྱེད་ནུས་ལ་མཚོན་ན། སྤྱིར་བཏང་སྐྱེ་དངོས་ནི་འོད་མེད་པའི་ས་ལའང་སྐྱེ་ཐུབ་པ་ཡིན་མོད། འོན་ཀྱང་འོད་དང་བྲལ་ན་རྣམ་པ་ཚད་ལྡན་མིན་པར་འགྱུར་བ་ཡིན། དེ་བས་འོད་ཀྱིས་ཕྱོགས་གཅིག་ནས་སྐྱེ་དངོས་ཀྱི་རྣམ་པ་ཚད་ལྡན་དུ་སྒྱུར་བཞིན་ཡོད་ཅིང་། ཕྱོགས་གཞན་ནས་འོད་ཀྱིས་འོད་སྦྱོར་བྱེད་ནུས་ཞེས་གཙོ་བོ་མཁའ་དབུགས་ཁྲོད་ཀྱི་དབྱང་གཉིས་ཐན་རྫས་རྣམས་ལོ་ཏོག་སྐྱེས་སྟོབས་རྒྱས་པར་མེད་དུ་མི་རུང་བའི་གཞི་རྩའི་དངོས་པོ་སྐྱེ་ལྡན་རྫས་སུ་སྦྱར་ཏེ་རྒྱུད་ནས་ཕན་ཐོགས་སྐྲུན་བཞིན་ཡོད། དེ་བཞིན་དྲོད་ཚད་ཀྱིས་ལོ་ཏོག་གི་རྙིང་འབུད་གསར་འདོན་བྱེད་པའི་བརྒྱུད་རིམ་དུ་འགྱུར་ལྡོག་སྣ་ཚོགས་ལ་བྱེད་ནུས་བཏོན་པའི་སྒོ་ནས་ལོ་ཏོག་གི་འཚར་ལོངས་དལ་མགྱོགས་ལ་ཤུགས་རྐྱེན་འདོན་པ་དང་། ཆུ་ནི་སྐྱེ་ལྡན་རྫས་ཆའི་རྒྱུ་ཆ་ཡིན་ཞིང་། ཆུའི་མང་ཉུང་གིས་ལོ་ཏོག་གི་འོད་སྦྱོར་བྱེད་ནུས་དང་ལོ་ཏོག་ནང་ཁུལ་གྱི་བཅུད་བསྡུ་ལེན་བྱེད་པ་སོགས་ལ་ཤུགས་རྐྱེན་བཏོན་པར་མ་ཟད། ལོ་ཏོག་ལུས་ཕུང་གི་གྲུབ་ཆ་གཙོ་བོ་ཡང་ཡིན་ལ།

དེས་རླངས་པ་འཕྱུར་བའི་སྒོ་ནས་ལོ་ཏོག་གི་དྲོད་ཚད་དང་སྐྱེས་སྟོབས་འགྱུར་བ་ལ་ཚོད་འཛིན་བྱེད་ཐུབ། སོ་ནམ་ལག་རྩལ་གྱི་རྒྱུ་རྐྱེན་ལ་ཤིན་ཏུ་མང་ཡང་གཙོ་བོ་ནི་རྨོད་སློག་གི་ལག་རྩལ་དང་། ལུད་འདེབས་པའི་ལག་རྩལ། ལོ་དགྲ་འགོག་པའི་ལག་རྩལ་རྣམས་ཡིན། དཔེར་ན་རྨོད་སློག་བྱེད་པའི་དམིགས་ཡུལ་ནི་སའི་གྲུབ་སྟངས་བཟང་པོ་དང་། བར་སྟོང་རན་པོ། རླན་བཞའ་འཚམས་པོ། ཞིང་སའི་ནུས་པ་སྣ་ཚོགས་དོ་སྙོམས་པ། རྩྭ་ལྡུམ་མེད་པ། ས་ངོས་སོབ་སོབ་སོགས་ལོ་ལེགས་སྐྱེ་ཐུབ་པའི་ཞིང་ས་གཤིན་པོར་བསྒྱུར་པའི་ཆེད་དུ་ཡིན་པས་ས་ངོས་སྟེང་འོག་བསྒྱུར་བ་ཙམ་གྱིས་མི་ཆོག་པར་ལག་རྩལ་གྱི་རང་བཞིན་མཐོན་པོ་འདུས་ཡོད་པ་ལྟ་བུ། ལོ་ཏོག་གིས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལས་རང་གི་སྐྱེ་སྨིན་འཚར་ལོངས་ལ་དགོས་པའི་དངོས་རྫས་བསྡུ་ལེན་བྱས་ནས་ཚེ་སྲོག་གི་འགུལ་སྐྱོད་རྒྱུན་མཐུད་པ་བེད་སྤྱོད་གཏོང་བ་ལ་ལོ་ཏོག་གི་འཚོ་བཅུད་ཟེར་བཞིན་ཡོད། དེ་ལས་ལོ་ཏོག་ལ་དགོས་པའི་གཞི་རྒྱུ་ལ་འཚོ་བཅུད་གཞི་རྒྱུ་ཟེར། རྩི་ཤིང་ལོ་ཏོག་གི་གྲུབ་ཆ་ནི་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་སྟེ། སྤྱིར་བཏང་དུ་བརྒྱ་ཆ་དོན་ལྔ་ནས་གོ་ལྔའི་བར་ནི་ཆུ་དང་། བརྒྱ་ཆ་ལྔ་ནས་ཉེ་ལྔའི་བར་དངོས་རྫས་སྐམ་པོ་ཡིན། རྩི་ཤིང་ལོ་ཏོག་གི་གཞི་རྒྱུ་གཙོ་བོ་ལ་ཐཱན།(C) ཆིང་།(H) དབྱང་། (O) ཏན།(N) ལིན། (P)ཅཱ། (K) ཀལ།(Ca)མཱེ།(Mg) མུ་སི།(S) ལྕགས།(Fe) མཱན། ( Mn) ཏི་ཚ། (Zn) ཟངས།(Cu ) མོལ།(Mo) ཚ་ལ།(B) ཁིལ།(Cl) སྭེལ།(Si) ནཱ། (Na)སེ། (Se) ཧ་ཡང(Al)སོགས་ཡོད། དེ་དག་ལོ་ཏོག་གི་ཁོག་ཏུ་འདུས་ཚད་མང་ཉུང་མི་འདྲ་ལ། ལ་ལ་ནི་ལོ་ཏོག་གི་འཚོ་གནས་ལ་ངེས་པར་དུ་དགོས་པ་མ་ཡིན་ཞིང་། ལ་ལ་ནི་འདུས་ཚད་ཤིན་ཏུ་ཉུང་ཡང་ལོ་ཏོག་གི་སྐྱེ་སྨིན་ལ་མེད་དུ་མི་རུང་བ་ཡིན། དེ་བས་ལོ་ཏོག་ལ་དགོས་ངེས་ཀྱི་གཞི་རྒྱུ་ཡིན་དང་མ་ཡིན་ནི་འདུས་མང་ཉུང་ལ་བལྟས་ནས་དབྱེ་མི་རུང་། ལོ་ཏོག་ལ་ངེས་པར་དུ་དགོས་པའི་གཞི་རྒྱུ་རུ་འགྱུར་པ་ལ་གཞི་རྒྱུ་དེ་སྐྱེ་དངོས་འཚར་ལོངས་ཀྱི་དུས་རིམ་དུ་མེད་དུ་མི་རུང་ཞིང་གལ་ཏེ་དེ་མེད་ན་ལོ་ཏོག་གི་ཚེ་སྲོག་ས་བོན་ལ་མྱུ་གུ་འབུས་པ་ནས་སླར་ཡང་ས་བོན་ཐོགས་པའི་མགོ་རྔ་ཆ་ཚང་གཅིག་རྫོགས་མི་ཐུབ་པ་དང་། གལ་ཏེ་གཞི་རྒྱུ་དེ་མེད་ན་སྐྱེ་དངོས་ལ་གཞི་རྒྱུ་མི་འདང་བའི་སྐྱོན་འབྱུང་ཞིང་སྐྱོན་སེལ་བར་གཞི་རྒྱུ་རང་ཁོ་ནས་མ་གཏོགས་གཞན་གྱིས་ཚབ་བྱེད་ཐབས་མེད་པ། གཞི་རྒྱུ་དེ་ལོ་ཏོག་གི་རྙིང་འབུད་གསར་ལེན་དུ་དངོས་སུ་ཞུགས་ནས་ཐད་ཀར་འཚོ་བཅུད་ཀྱི་བྱེད་ནུས་བཏོན་པ་ལས་ཁོར་ཡུག་ལ་འགྱུར་ལྡོག་བཏང་སྟེ་རྒྱུད་ནས་བྱེད་ནུས་འདོན་པ་ཙམ་མ་ཡིན་པ་བཅས་ཀྱི་ཆ་རྐྱེན་གསུམ་པོ་དུས་གཅིག་ཏུ་འཛོམ་དགོས། མིག་སྔར་ཆ་རྐྱེན་དེ་གསུམ་པོ་ཚད་གཞིར་བྱས་ནས་ངེས་པར་དུ་དགོས་པའི་འཚོ་བཅུད་གཞི་རྒྱུ་ལ་ཐཱན་དང་། ཆིང་། དབྱང་། ཏན། ལིན། ཅཱ། ཀལ། མཱེ། མུ་སི། ལྕགས། མཱན། ཏི་ཚ། ཟངས། མོལ། ཚ་ལ། ཁིལ་བཅས་བཅུ་དྲུག་ཏུ་གཏན་འཁེལ་བྱས་ཡོད། དེ་ལས་གཞན་ད་དུང་གཞི་རྒྱུ་ ནཱ(Na)དང་། སྭེལ།(Si) ཁོབ།(Co) སེ(Se)བཅས་ནི་ལོ་ཏོག་རིགས་ཁ་ཤས་ཙམ་ལ་ངེས་པར་དུ་དགོས་པའི་གཞི་རྒྱུའི་རིགས་དང་། ལིས།(Li) དངུལ།(Ag)སི།(Sr) ཁད།(Cd)ཧ་ཡང་།(Al) སྭེལ། (Si)ཐེ།(Ti) ཞ།(Pb) ཁིར། (Cr)སེ།(Se) ཧྥུལ།(F) ནིག(Ni)བཅས་བཅུ་གཉིས་ནི་མེད་དུ་མི་རུང་བ་མ་ཡིན་ཡང་རྩི་ཤིང་ལོ་ཏོག་གི་སྐྱེ་སྨིན་ལ་ཕན་ཐོགས་ཡོད་པའི་རིགས་ཡིན་པས་དེ་དག་ལ་ཕན་ཐོགས་ཡོད་པའི་གཞི་རྒྱུའམ་དགོས་ངེས་ཕལ་བའི་གཞི་རྒྱུ་ཟེར་བཞིན་ཡོད། ངེས་པར་དུ་དགོས་པའི་གཞི་རྒྱུ་བཅུ་དྲུག་རྣམས་རྩི་ཤིང་ལོ་ཏོག་ལ་མཁོ་དགོས་ཡོད་པའི་ཚད་དང་འདུས་ཡོད་པའི་ཚད་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད། འདས་པའི་དུས་ལ་མི་ཚོས་ལོ་ཏོག་ལ་འདུས་ཡོད་པའི་ཚད་མང་ཉུང་ལ་བརྟེན་ནས་རྫས་སྣ་ཐཱན།(C) ཆིང་།(H) དབྱང་།(O) ཏན།(N) ལིན།(P) ཅཱ།(K)ཀལ།(Ca)མཱེ།(Mg) མུ་སི(S)བཅས་སྤྱིར་བཏང་རྩི་ཤིང་ལོ་ཏོག་སྐམ་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ཚེག་གཅིག་ཡན་ཆད་ཟིན་པ་རྣམས་ལ་ཚད་མང་བའི་གཞི་རྒྱུ་དང་། ཉེ་ལམ་དེ་དག་ལས་ཀལ། (Ca)མཱེ།(Mg) མུ་སི(S)གསུམ་ལ་ཚད་འབྲིང་གི་གཞི་རྒྱུ་ཡང་ཟེར་བཞིན་ཡོད། ལྕགས།(Fe) ཚ་ལ། (B)མཱན།( Mn) ཟངས།(Cu) ཏི་ཚ། (Zn) མོལ།(Mo) ཁིལ(Cl)བཅས་རྩི་ཤིང་ལོ་ཏོག་སྐམ་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ཚེག་གཅིག་མན་ཆད་ལས་མ་ཟིན་པ་ལ་ཚད་ཉུང་ངུའི་གཞི་རྒྱུ་ཟེར་ཞིང་། འགའ་རེ་ནི་ལོ་ཏོག་སྐམ་པོའི་ལྗིད་ཚད་སྟོང་ཁེ་རེའི་ཁྲི་ཆའི་འགའ་རེ་ལས་མེད། ཚད་མང་བའི་གཞི་རྒྱུ་ལས་ཏན་ནི་ཚེ་སྲོག་གི་གྲུབ་ཆར་གྱུར་པའི་སྤྲི་དཀར་རྫས་དང་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་གཉིས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ་རྩི་ཤིང་ལོ་ཏོག་གི་འཚོ་བཅུད་ཁྲོད་དུ་འབུར་དུ་ཐོན་པའི་གནས་བབ་བཟུང་ཞིང་། ལོ་ཏོག་མི་འདྲ་བར་འདུས་ཚད་ཅུང་མི་འདྲ་ཡང་སྤྱིའི་ཆ་ནས་རྩི་ཤིང་སྐམ་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ཚེག་གསུམ་ནས་ལྔའི་བར་ལ་ཟིན་ཡོད། གཞི་རྒྱུ་ལིན་ནི་ལོ་ཏོག་གི་གཟུགས་ཕུང་དུ་འདུས་མང་ཉུང་ཁྱད་པར་ཆེ་ཡང་གྲུབ་རྫས་སྐམ་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ཚེག་གཉིས་དང་གཅིག་ཚེག་གཅིག་བར་ལ་ཟིན་ཞིང་གཙོ་བོ་སྐྱེ་ལྡན་རྣམ་པའི་ལིན་ཡིན། དེ་ནི་ལོ་ཏོག་གཟུགས་ཕུང་གི་འདྲེས་སྦྱོར་དངོས་པོ་གལ་ཆེན་པོ་མང་པོའི་གྲུབ་པའི་རྒྱུ་ཡིན་ལ། དེས་ལོ་ཏོག་ནང་གི་འོད་སྦྱོར་ནུས་པ་དང་། རྫས་འགྱུར་རིག་པའི་འཕོ་འགྱུར། ཏན་གྱི་བརྗེ་རེས། ཚིལ་གྱི་བརྗེ་རེས་རྣམས་ལ་སྐུལ་འདེད་བྱེད་ཅིང་ལོ་ཏོག་གི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་བསྟུན་པའི་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད། གཞི་རྒྱུ་ཅཱ་ནི་རྩི་ཤིང་ལོ་ཏོག་རིགས་མང་པོ་ལ་དགོས་ཚད་ཤིན་ཏུ་མཐོ་ལ་རྩི་ཤིང་གི་གཟུགས་ཕུང་དུ་འདུས་ཚད་ཀྱང་ཏན་གྱི་རྗེས་ནས་མང་ཤོས་ཡིན། སྤྱིར་བཏང་རྩི་ཤིང་སྐམ་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ཚེག་གསུམ་ནས་ལྔའི་བར་དུ་ཟིན་ཞིང་ལིན་ལས་མཐོ་ལ་སྐབས་འགར་ཏན་ལས་ཀྱང་མཐོ་བཞིན་ཡོད། དེ་ནི་རྩབས་རྒྱུའི་རིགས་དྲུག་ཅུ་ལྷག་གི་བྱེད་ནུས་ཐོན་པ་ལ་རྩི་རུ་གྱུར་ཅིང་ལོ་ཏོག་གི་འཚར་ལོངས་ལ་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་བཞིན་ཡོད། དེ་ལོ་ཏོག་ཕྲ་ཕུང་གིས་ཆུ་འཇིབ་པ་དང་རླུང་རྒྱུ་སའི་བུ་གའི་སྒོ་རྒྱག་པ་དང་ཕྱེ་བ་སོགས་ཀྱི་ལས་ཀར་ཞུགས་ཤིང་། དེས་རྩི་ཤིང་གི་འོད་སྦྱོར་ནུས་པ་དང་སྤྲི་དཀར་རྫས་ཀྱི་འདྲེས་སྦྱོར་སོགས་ལ་སྐུལ་འདེད་བྱེད་ལ་ལོ་ཏོག་གི་ཐན་པ་དང་། གྲང་ངར། ཚ་བ། ནད་རིགས་སོགས་འགོག་པའི་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད། དེ་བཞིན་ཚད་འབྲིང་གི་གཞི་རྒྱུ་དང་ཚད་ཉུང་བའི་གཞི་རྒྱུ་དག་གིས་ཀྱང་རང་རང་སོ་སོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་བཞིན་ཡོད། དགོས་ངེས་ཀྱི་གཞི་རྒྱུ་ལས་ཐཱན་དང་། ཆིང་། དབྱང་གསུམ་པོ་ཆུ་དང་དབྱང་གཉིས་ཐཱན་རྫས་ལས་འབྱུང་ཞིང་གཞན་བཅུ་གསུམ་པོ་ཚང་མ་ཕལ་ཆེར་ཞིང་ས་ལས་འབྱུང་བཞིན་ཡོད། དེ་བས་ས་ཞིང་ནི་ལོ་ཏོག་སྐྱེ་སའི་གནས་ཡིན་པར་མ་ཟད། ལོ་ཏོག་ལ་གཏེར་རྒྱུའི་འཚོ་བཅུད་མཁོ་འདོན་བྱེད་པ་པོའང་ཡིན། དེ་ལས་ཏན་དང་། ལིན། ཅཱ་གསུམ་པོ་སྐྱེ་དངོས་ལ་དགོས་ཚད་མཐོ་ཞིང་ཞིང་སར་འདུས་ཚད་ཉུང་པས་ལུད་འདེབས་པར་བརྟེན་ནས་ཁ་གསབ་བྱེད་དགོས་བཞིན་ཡོད་སྟབས་དེ་གསུམ་པོ་ལ་མི་ཚོས་ལུད་ཀྱི་རྒྱུ་ཆ་གསུམ་མམ་རྩི་ཤིང་གི་འཚོ་བཅུད་རྒྱུ་ཆ་གསུམ་ཞེས་པའི་མིང་འདོགས་བཞིན་ཡོད། ཁམས་རིག་པའི་ཐད་ནས་བལྟས་ན་རྩི་ཤིང་གྲུབ་ཆའི་ཁྲོད་ཀྱི་གཞི་རྒྱུ་ལ་གཞི་རྒྱུའི་སྐྱེ་དངོས་རྫས་འགྱུར་གྱི་བྱེད་ནུས་དང་ཁམས་ཀྱི་ཕན་ནུས་ལ་བརྟེན་ནས་རིགས་བཀར་ན་དེ་ལས་འཚམ་པོ་ཡོད། དེ་ལྟར་ཕྱེ་ན། ཐཱན།(C) ཆིང་།(H) དབྱང་།(O) ཏན།(N) མུ་སི(S)བཅས་ལ་ཚོ་དང་པོ་སྟེ། དེ་དག་ནི་སྐྱེ་ལྡན་རྫས་བཅུད་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་དེ་དག་སྐྱེ་ལྡན་རྫས་བཅུད་དུ་འཕོ་འགྱུར་འགྲོ་བ་ནི་རྩི་ཤིང་གི་རྙིང་འབུད་གསར་ལེན་བྱེད་པའི་རྩ་བའི་བརྒྱུད་རིམ་ཡིན། ལིན།(P)ཚ་ལ། (B)སྭེལ(Si)གསུམ་པོ་ཚོ་གཉིས་པ་སྟེ། གསུམ་ཀའི་གཞི་རྒྱུའི་ཁྱད་ཆོས་འདྲ་ལ་ཚང་མ་སྐྱེ་ལྡན་མིན་པའི་གྱེས་རྡུལ་མོའམ་སྐྱུར་གྱི་ཆ་རྡུལ་རྣམ་པའི་ཚུལ་དུ་ལོ་ཏོག་གིས་འཇིབ་པ་ཡིན། ཅཱ།(K)མཱན།( Mn) མཱེ།(Mg) ཁིལ།(Cl)ནཱ(Na)བཅས་ནི་ཚོ་གསུམ་པ་སྟེ། དེ་དག་རྩི་ཤིང་ལོ་ཏོག་གིས་གྱེས་རྡུལ་རྣམ་པའི་ཚུལ་དུ་སྡུད་ལེན་བྱེད་བཞིན་ཡོད། ལྕགས།(Fe) ཟངས།(Cu) ཏི་ཚ། (Zn) མོལ(Mo)རྣམས་ཚོ་བཞི་པ་སྟེ། རྩི་ཤིང་གི་ལུས་སུ་གཞན་དང་འདྲེས་པའི་ཚུལ་དུ་གནས་པ་ཡིན།

ལོ་ཏོག་གིས་རང་ལ་དགོས་པའི་བཅུད་རྣམས་རྩད་པ་དང་ལོ་མ་ལ་བརྟེན་ནས་འཇིབ་བཞིན་ཡོད། དེ་ལས་བ་ཐག་ལ་བརྟེན་ནས་འཇིབ་པ་ནི་གཙོ་བོ་སྟེ། འཇིབ་སྟངས་ལ་ཕལ་ཆེར་རྣམ་པ་མི་འདྲ་བ་གསུམ་ཙམ་ཡོད། རྩི་ཤིང་གི་བ་ཐག་དང་བ་ཐག་གི་མ་ལག་ཕྲ་མོ་ས་འོག་ཏུ་རིམ་བཞིན་རྒྱས་སྐབས་གསར་དུ་འཕྲད་པའི་ས་རྡུལ་ལས་གྱེས་རྡུལ་རྣམ་པའི་འཚོ་བཅུད་དེ་དག་ཐད་ཀར་བསྡུ་ལེན་བྱེད་པ་ཡིན། འོན་ཀྱང་བ་ཐག་གི་མ་ལག་ས་དང་ཐུག་པའི་ཆ་ཤིན་ཏུ་ཆུང་བས། དེ་ལྟར་ཐད་ཀར་བསྡུ་ལེན་བྱེད་པའི་བཅུད་དེ་བ་ཐག་གིས་བསྡུ་ལེན་བྱེད་པའི་བཅུད་སྤྱིའི་བརྒྱ་ཆ་བཅུ་ལའང་ཟིན་ཐུབ་རྒྱུ་མེད། སྟབས་ལེགས་པ་ལ་ཞིང་སའི་ཞུ་ཁུའི་ཁྲོད་དུ་ཐོར་པའི་བཅུད་ཅིག་མང་ཉུང་ཆ་མི་སྙོམས་པར་འགྱུར་སྐབས། མང་ས་ནས་ཉུང་ས་ལ་སྤོས་ཏེ་ཆ་སྙོམས་པའི་ཕྱོགས་སུ་འགྱུར་འགྲོ་བ་ཞིག་ཡིན་སྟབས། བ་ཐག་གིས་བསྡུ་ལེན་བྱེད་པའི་དབང་གིས་བ་ཐག་དང་འཕྲད་པའི་ཞིང་སའི་ཁྲོད་ཀྱི་བཅུད་རྣམས་ཉེ་འཁོར་གྱི་ཞིང་སའི་ཁྲོད་ཀྱི་བཅུད་ལས་ཉུང་བར་འགྱུར་སྐབས། ཉེ་འཁོར་གྱི་ཞིང་ས་ནས་རིམ་པའི་རིམ་པ་བཞིན་དུ་རྒྱུན་མི་ཆད་པར་བ་ཐག་དང་འཕྲད་པའི་ཞིང་སར་འདུས་པར་གྱུར་ཏེ་བ་ཐག་གི་འཇིབ་ལེན་དགོས་མཁོ་སྐོང་བ་ཡིན། གཞན་སྐྱེ་དངོས་ལས་རླངས་པར་གྱུར་ནས་འཕྲོས་པའི་དབང་གིས་བ་ཐག་གི་རྩ་ཡི་ཞིང་སའི་རླན་ཆ་ཉེ་འཁོར་ལས་ཉུང་བར་འགྱུར་ཞིང་། དེའི་སྐབས་སུ་ཉེ་འཁོར་གྱི་ཕྱོགས་བཞིའི་རླན་ཆ་རྣམས་བ་ཐག་དང་འཕྲད་པའི་ཞིང་སའི་ཕྱོགས་སུ་བཞུར་ལ། རླན་ཆར་ཞུ་བའི་བཅུད་རྣམས་ཀྱང་དེ་དང་ལྷན་ཅིག་ཏུ་བ་ཐག་གི་རྩ་ལ་བཞུར་བ་ཡིན། རྣམ་པ་དེ་གསུམ་པོ་ལས་གཉིས་པ་ཆ་སྙོམས་སུ་འགྱུར་བ་དང་གསུམ་པ་རླན་ཆ་དང་མཉམ་དུ་བཞུར་བ་གཉིས་ནི་ཞིང་སའི་བཅུད་བ་ཐག་གི་རྩར་སྐྱོད་པའི་རྣམ་པ་གཙོ་བོ་གཉིས་ཡིན་ལ། དེ་ལས་ཐག་ཉེ་ལ་དང་པོ་དང་ཐག་རིང་ལ་གཉིས་པས་ཕན་ཐོགས་ཆེ། ཞིང་སའི་བཅུད་བ་ཐག་གི་ངོས་སུ་སླེབས་རྗེས་རྙོག་འཛིང་ཆེ་བའི་སྐྱེ་དངོས་རིག་པའི་བརྒྱུད་རིམ་མང་པོ་ཞིག་ལ་བརྟེན་ནས་བ་ཐག་གི་ཁོངས་སུ་རྒྱུ། དེ་ནས་ས་སྟེང་གི་ཡུ་བ་སོགས་ལ་བསླེབ་དགོས། ལོ་མ་ནི་ལོ་ཏོག་གི་འཚོ་བཅུད་འཇིབ་བྱེད་ཀྱི་དབང་པོ་གཞན་ཞིག་ཡིན། ལོ་མས་འཚོ་བཅུད་འཇིབ་སྟངས་ནི་བ་ཐག་གི་འཇིབ་སྟངས་དང་ཧ་ལམ་འདྲ་ལ། ལོ་ཏོག་མི་འདྲ་བ་དང་། ལོ་མ་ཆེ་ཆུང་མི་འདྲ་བ། ལུད་ཀྱི་ངོ་བོ་མི་འདྲ་བ་སོགས་ཀྱི་དབང་གིས་འཚོ་བཅུད་འཇིབ་ཚད་མང་ཉུང་མི་འདྲ། ས་ལ་ཐིམ་སླ་བའི་བཅུད་རྣམས་ཐད་ཀར་ལོ་མའི་སྟེང་ལ་བཀྲམ་ན་ཕན་ཐོགས་ཆེ་སྟབས། གྲང་ངར་ཆེ་ས་དང་ཐན་པ་ཆེ་སར་ཞིང་སར་ལུད་བཀྲམ་ནས་འབྲས་བུ་མི་བཟང་སྐབས་ལོ་མའི་སྟེང་ལ་བཀྲམ་ན་ལོ་ཏོག་ལ་འཚོ་བཅུད་མཁོ་འདོན་བྱེད་ཐུབ་པར་མ་ཟད། ལོ་མས་བཅུད་བསྡུས་པ་བ་ཐག་ལས་མགྱོགས་པས་དུས་ཐུང་ངུའི་ནང་དུ་ལོ་ཏོག་གི་དགོས་མཁོ་སྐོང་ཐུབ་པ་ཡིན། ལོ་ཏོག་གིས་འཚོ་བཅུད་བསྡུ་ལེན་བྱེད་པ་ལ་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པར་མ་ཟད། འཚོ་བཅུད་གྱེས་རྡུལ་ཕན་ཚུན་བར་གྱི་བྱེད་ནུས་ཀྱི་ཤུགས་རྐྱེན་ཡང་ཐེབས། དཔེར་ན། བ་ཐག་གིས་འཚོ་བཅུད་བསྡུ་ལེན་བྱེད་པ་ལ་ཤུགས་རྐྱེན་འདོན་པའི་ཁོར་ཡུག་གི་ཆ་རྐྱེན་ལ་དྲོད་ཚད་དང་། རླུང་རྒྱུ། བུལ་སྐྱུར་གྱི་འགྱུར་ལྡོག། ཆུའི་རླན་བཞའ་སོགས་ཡོད་ལ། དེ་ལས་དྲོད་ཚད་དམའ་བ་དང་མཐོ་དྲགས་ན་བསྡུ་ལེན་ཡག་པོ་བྱེད་མི་ཐུབ་ཅིང་། སྤྱིའི་ཆ་ནས་དྲོད་ཚད་ཐིག་ལེ་ནས་སུམ་ཅུའི་བར་ན་དྲོད་ཚད་འཕར་བ་དང་བསྟུན་ནས་བ་ཐག་གིས་བཅུད་བསྡུ་བ་ཇེ་མགྱོགས་དང་ཇེ་མང་འགྱུར་མོད། འོན་ཀྱང་ལོ་ཏོག་མི་འདྲ་བ་དང་ས་གནས་མི་འདྲ་བར་གནས་ཚུལ་ཐ་དད་སྲིད་པས། ཡུལ་དུས་དང་བསྟུན་ནས་ཆ་རྒྱུས་ཞིབ་ཕྲ་ལེན་དགོས་པ་ཞིག་ལས་མཐའ་གཅིག་ཏུ་ཁ་ཚོན་གཅད་དཀའ། དེ་བཞིན་ཞིང་སའི་རླུང་རྒྱུ་བཟང་ན་བཅུད་བསྡུ་མང་ལ་ལྡོག་ན་མི་བཟང་བ་དང་། ཞིང་སའི་རླན་ཆ་ཉུང་ན་ཞིང་སར་སིལ་འཛུལ་དཀའ་ཞིང་རླན་ཆ་མང་ཆེས་ན་འཚོ་བཅུད་ཀྱི་འདུས་ཚད་སླ་ཆེས་པ་དང་དབྱང་དབུགས་མི་འདང་བས་བསྡུ་ལེན་བྱེད་དཀའ་བར་འགྱུར་པ་ལྟ་བུ། གྱེས་རྡུལ་བར་གྱི་བྱེད་ནུས་ཀྱི་ཤུགས་རྐྱེན་ལ་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པ་སྐྱེལ་བ་དང་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ཡོད་པ་སྟེ། དཔེར་ན་ལིན་རྫས་མང་སོང་ན་ཏི་ཚ་མི་འདང་བར་བཟོ་སྲིད་པ་དང་། ཀལ་ཡོད་ན་ཚ་ལ་ཡིས་གནོད་པ་འགོག་ཐུབ་པ་ལྟ་བུ་ཡིན་མོད། འོན་ཀྱང་གྱེས་རྡུལ་བར་གྱི་བྱེད་ནུས་ཤིན་ཏུ་རྙོག་འཛིང་ཆེ་ཞིང་། སྐ་སླ་འདིའི་སྐབས་སུ་ཕན་ཚུན་གྲོགས་སུ་འགྲོ་ཡང་སྐ་སླ་གཞན་ཞིག་ཏུ་འགྱུར་སྐབས་ཕན་ཚུན་གནོད་པ་རུའང་འགྱུར་སྲིད་པ་དང་། ལོ་ཏོག་གི་རིགས་མི་འདྲ་བ་ལ་འགྱུར་ལྡོག་མི་འདྲ་བར་འགྲོ་བ་སོགས་ཞིང་པ་ལ་དགོས་མཁོ་ཆེ་ཞིང་ལོ་ལེགས་དང་འབྲེལ་བ་ཟབ་པ་མང་ཡང་འདིར་མང་དྲགས་པར་དོགས་པས་མཚོན་བྱེད་ཙམ་ཞིག་བརྗོད་པས་འཐུས་པར་བྱས་སོ།། ( རྫོགས་སོ།། )