བརྩེ་བའི་ཆུ་འཛིན་ཕང་ཕུང་མཁའ་ལ་རྒྱུ་བཞིན།།
དུང་བའི་སྙིང་གཏམ་ཆར་བ་ཤག་ཤག་འཐོར་བས།།
འདས་སོང་ལོ་ཟླའི་ཁྲོད་ནས་ཁྱེད་རང་དྲན་དུས།།
ཡིད་ཀྱི་སྤང་ཐང་སྐྱོ་བའི་ཁ་བ་བབས་ཐལ།།
མ་བཅོས་ཞལ་གྱི་པད་མ་འཛུམ་གྱིས་གད་ནས།།
ལག་ཟུང་འཁྲི་ཤིང་གཉོམ་པོར་དལ་གྱིས་འཇུས་པས།།
བརྒྱད་གཉིས་ལང་ཚོ་དར་བའི་ཁྱོད་རང་དྲན་དུས།།
གློ་སྙིང་ཉིན་སྲིབ་ཀུན་ལ་དགུན་ཟླ་ཚེས་ཐལ།།
རི་སྡེའི་མི་ཁ་དྲི་བཞོན་རླུང་ལ་བསྐུར་ནས།།
ཕ་མའི་བཙན་གཏམ་བཟོད་བསྲན་ཁོག་ལ་བསྒོམས་པས།།
ཁྲེལ་གཞུང་ཆུ་མོ་བཞུར་བའི་མཛའ་མོ་དྲན་དུས།།
མིག་ཟུང་མཐའ་ནས་མཆི་མའི་ཕྲེང་བ་ཐོར་ཐལ།།
ན་ཟླའི་གྲལ་ནས་ཞེ་འདང་མཚོ་མོ་སྐྱོམ་བཞིན།།
སྡེ་ཆེན་གྲོང་ནས་བརྩེ་སེམས་ཟླ་བ་ཚེས་པའི།།
བརྩེ་བའི་མངར་ཁ་བཙན་པའི་ཁྱོད་རང་དྲན་དུས།།
མལ་སའི་རྨི་ལམ་ནང་ནས་ཁྱོད་རང་རྨིས་བྱུང་།།
༼ རྡོ་རྗེ་ཐར་ལམ། ༽