མཐར་ཕྱིན་སློབ་བུ་རྣམས་ལ་ཕུལ།
དུས་ཚོད་ནི་མཛུབ་བར་ནས་བཞུར་བའི་བྱེ་མ་ལྟར་ཡལ་དུས།
ལོ་ཟླའི་ལྟེབས་ཁུག་ན་འགྲེ་ལོག་རྒྱག་བཞིན་པའི་སློབ་བུ་ཚོས།
སློབ་གྲྭ་ནི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དུ་སྦྲུམ་ཞིང་།
མཛེས་སྡུག་ལྡན་པའི་མེ་ཏོག་ཏུ་ཉར་ནས།
རིག་པའི་གླིང་ག་འདི་རུ།
བརྗེད་དཀའ་བའི་གཏམ་རྒྱུད་མང་པོ་ཞིག་བསྐྱུར་ཡོད་ལ།
བསུབ་དཀའ་བའི་རྐང་རྗེས་གྲངས་མེད་ཅིག་ཀྱང་བཞག་ཡོད།
ནམ་རྒྱུན།
སློབ་ཁང་གྲུ་བཞི་ནང་མཆེད་པའི་དགེ་རྒན་གྱི་བསླབ་བྱ།
དཔེ་ཆར་དགའ་བའི་སློབ་བུ་ཚོས་དཔེ་ཀློག་གི་དབྱངས་རྟ།
རྩེད་འཇོ་ལ་གོམས་པའི་སློབ་གྲོགས་རེ་འགའི་དགོད་སྒྲ།
དེ་མིན།
སྦྱངས་ཚན་དང་ལས་བྱ་མ་འགྲུབ་པའི་སློབ་བུ་དག་གི་སྣང་བརྙན་སོགས།
ག་ལེ་ག་ལེར་ངའི་མིག་ལམ་དུ་བཞུར་ཡོང་།
ད་དུང་། ནམ་རྒྱུན་གྱི་སློབ་ཁྲིད་སྐབས་སུ།
དགེ་རྒན་གྱི་དྲི་བ་ལ་སྐྲག་པའི་ཁྱེད་ཅག།
ལས་བྱ་རི་རབ་འདྲ་བ་དག་ལ་སུན་པའི་ཁྱེད་ཅག།
མི་ཤེས་པ་རྐུ་འབྲི་ལ་དགའ་བའི་ཁྱེད་ཅག།
སློབ་གྲྭའི་བྱ་འགུལ་རེ་རེ་ཕམ་མི་འདོད་པའི་ཁྱེད་ཅག།
ད་དུང་། གང་མང་མང་ཞིག།
དལ་བ་དལ་བུར་ངའི་སེམས་ཀྱི་བྲག་ཅ་ནས་མཆེད་ཡོང་།
དེ་དུས།
འཛུམ་མདངས་ལྷང་ངེར་འཆར་བའི་སྐྱིད་སྣང་ཡོད་ལ།
མིག་ཆུ་ཐག་སེ་ལྷུང་བའི་སྡུག་སྣང་ཡང་ཡོད།
སྐབས་དེ་ནས་བཟུང་སྟེ།
ངའི་བརྗེད་དཀའ་ཞིང་དྲན་སླ་བ་ནི།
སྙིང་ཉེ་བའི་སློབ་བུ་ཁྱེད་ཅག་ཡིན།
ཁྱེད་ཅག་ནི།
ངའི་དྲན་པའི་ཀློང་རུམ་ན།
དུས་ནམ་ཡང་།
འབོར་དཀའ་ལ་བརྗེད་ཡང་དཀའ།
ཁྱེད་ཅག་ནི་ངའི་སེམས་པའི་གུར་ཁྱིམ་ལས།
དུས་ནམ་ཡང་།
ཡལ་བ་མེད་ལ་འདོར་བ་མེད།
གང་ལྟར།
སློབ་བུ་ལགས། གཅེས་ཕྲུག་ཚོ།
ངས་ཐ་སྙད་ཀྱི་མཆོད་པ་བཤམས་ནས།
ཡང་བསྐྱར་ཁྱེད་ཅག་ལ་ཐེངས་གཅིག་འབུལ་འདོད་པ་ནི།
ཁྱེད་ཚོའི་ལྕགས་སྨྱུག་གི་རྗེས་ཤུལ་རེ་རེའི་ཁྲོད་ན།
རེ་བ་དང་ཡིད་ཆེས་བརྩེགས་ཡོད།
འཛུམ་མདངས་དང་གྲུབ་འབྲས་རེ་རེའི་ཁྲོད་ན།
སྙིང་སྟོབས་དང་བློ་སྤོབས་བརྩེགས་ཡོད།
སློབ་བུ་ལགས། གཅེས་ཕྲུག་ཚོ།
ད་ནས་བཟུང་སྟེ།
ང་ཚོ་སླར་ཡང་འཕྲད་དཀའ་ལ།
སླར་ཡང་འཕྲད་ཀྱང་འདི་ནས་འཕྲད་མི་སྲིད།
འདི་ནས་འཕྲད་ཀྱང་ཉེ་སྔོན་འཕྲད་པ་འདྲ་ཞིག་ཡོང་མི་སྲིད།
༼ ཁ་བ་ན་རོ། ༽