རི་རྩེའི་སྨུག་པ་ལ་འདྲེས་པའི།།
རྫི་གླུ་སྙན་མོ་དེ་མ་ལེན།།
རྫི་གླུའི་དབྱངས་རྟ་ལ་ཤོར་བའི།།
འཕྲེང་ཞེན་རྒོད་པོ་དེ་འགོག་དཀའ།།
དྲན་པའི་གཏིང་རིམ་ན་ཉར་བའི།།
ཚོར་བའི་བཟི་ཁ་ན་བཙན་པའི།།
ཡིད་ཀྱི་ཨ་ལོང་ལ་སྦྲེལ་བའི།།
སེམས་ཤོར་སྙིང་ཉེ་དེ་དྲན་འདྲ།།
དབྱར་གསུམ་མེ་ཏོག་དེ་མཛེས་ཀྱང་།།
ཟེའུ་འབྲུ་སྦྲང་ཆུང་ལ་དབང་བས།།
ཐོབ་འདོད་ཞེན་པ་དེ་ཆེ་རུང་།།
མིག་གི་མཛེས་སྣང་ཙམ་ཡིན་སྙམ།།
དུས་གསུམ་དྲན་འཛིན་གྱི་ངོགས་ན།།
ཞལ་རས་སྙིང་རྗེ་ཞིག་ཤར་ཡང་།།
མི་སེམས་གཞན་ཕྱོགས་ལ་འཁོར་བས།།
སེམས་ཀྱི་ན་ཟུག་ཙམ་ཡིན་སྙམ།།
འོན་ཀྱང་ཡ་ཆུང་གི་དཀྱིལ་ན།།
མ་སྐམ་ཡུན་རིང་ལ་ལུས་པའི།།
དྲན་པ་ཆུ་བོ་ཡི་རླབས་སྒྲ།།
འཇགས་པའི་དུས་ཚིགས་ཤིག་མེད་འདྲ།།
༼ དབང་སྟོབས། ༽