ནགས་རྩྭའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། རང་ཁུལ་གྱིས་རྒྱལ་ཁབ་དང་། ཞིང་ཆེན་ནགས་རྩྭའི་མེ་ཟོན་ལས་དོན་ཚོགས་འདུའི་སྙིང་དོན་དོན་ལ་འཁྱོལ་ཏེ་རྫོང(གྲོང་ཁྱེར)ཁག་གིས་མྱུར་དུ་བཀོད་སྒྲིག་བྱས་ནས་དམངས་ཡོངས་མཉམ་འགུལ་དང་ས་ཁོངས་ཡོངས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་ནས་ནགས་རྩྭའི་ཉེན་མེད་འགོག་སྲུང་ལས་དོན་ཡག་པོ་སྤེལ་ཡོད།
ཉག་ཆུ་རྫོང་གིས་ཡོངས་ཁྱབ་ལུགས་ཀྱིས་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས།
སྤྱི་ཟླ12པའི་ཚེས10ཉིན་ནས་བཟུང་། ཉག་ཆུ་རྫོང་གིས་དམངས་ཡོངས་མཉམ་འགུལ་དང་ཁོངས་ཡོངས་ཉེན་མེད་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད།
གང་སོང་སར་གཙང་བཤེར་གནད་ཁེལ་བྱས་པར་མ་ཟད། ཨར་ལས་བྱ་ཡུལ་དང་གློག་སྐུད། སྣུམ་སྣོན་ས་ཚུགས་སོགས་གཙོ་གནད་ཁུལ་དུ་ཡོངས་ཁྱབ་གཙང་བཤེར་དང་། ཁྱོན་ཡོངས་ནས་ནགས་རྩྭའི་ཉེན་མེད་འགོག་སྲུང་ལས་དོན་ཡག་པོར་བསྒྲུབ་ཡོད། ཉག་ཆུ་རྫོང་རིམ་པའི་མགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་གྱི་སྣེ་ཁྲིད་བྱེད་པ་དང་། འབྲེལ་གཏུག་ལས་ཁུངས་གཞི་རིམ་དུ་བསྐྱོད་པ། གཞི་རིམ་ལས་བྱེད་པ་ཡོངས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ། ཨར་རྒྱག་ཁེ་ལས་ཀྱིས་བཀའ་ཐོས་ལྟར་བྱ་སྤྱོད་སྤེལ་བ་དང་བཀའ་ལ་ཉན་བཞིན་བྱ་སྤྱོད་སྤེལ་བ། རིམ་ཁག་མང་ཚོགས་ཧུར་ཐག་ཞུགས་པ་བཅས་བྱས་ནས་ཁྱབ་ཁོངས་ཡོངས་སུ་གཙང་བཤེར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད། ད་ལྟར། རྫོང་ཁོངས་ཀྱི་ལམ་འགྲམ་དང་ཁང་འགྲམ། ནགས་འགྲམ། ས་འགྲམ། མཐའ་མཚམས། མཐའ་ཟུར་བཅས་དང་དེ་བཞིན་གློག་སྐྱེལ་གློག་སྒྱུར་སྐུད་ལམ་འོག་གི་རྩྭ་ངན་དང་། འདུས་སྤུངས་དངོས་པོ། ནགས་ཤིང་བཅས་གཞི་ཁྱོན་ཆེན་པོས་གཙང་སེལ་དང་སྤོས་འདྲེན་བྱས་ཏེ་འབྱུང་རྩ་ནས་མེ་དང་འབར་སླ་བའི་དངོས་པོ་མེད་པར་བཟོས་ནས་མེ་སྐྱོན་གྱི་ཉེན་ཁ་ཆུང་དུ་བཏང་ཡོད།
ལི་ཐང་རྫོང་གིས་རྟ་ཐོག་ནས་རི་སྐོར་བྱས་ཏེ་མེ་འགོག་ལས་དོན་སྤེལ།
ལོ་ལྟར་མེ་ཟོན་གྱི་དུས་སུ་སླེབས་ཚེ། ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་ནགས་རྩྭའི་མེ་ཟོན་རྟ་ཐོག་སྐོར་གཡེང་རུ་ཁག་གིས་རྟ་བཞོན་ནས་རི་སྐོར་བྱེད་འགོ་བརྩམས། འབོ་པ་ཡུལ་ཤོག་གི་མངའ་ཁོངས་རྒྱ་ཆེ་བ་དང་ནགས་ཚལ་དང་རྩྭ་ཐང་གང་སར་ཁྱབ་ཡོད་པས་རྙོག་འཛིང་ཆེ་བའི་ས་དབྱིབས་དེར་རླངས་འཁོར་ཡིས་ཁྱོན་ཡོངས་ནས་སྐོར་ཞིབ་བྱེད་ཁག་པོ་ཡོད་པས། མེ་ཟོན་གྱི་སྟོང་ཆ་དེ་ཁ་གསབ་བྱ་ཆེད། འབོ་པ་ཡུལ་ཤོག་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ཁུལ་ཁག17ལ་བགོས་པ་དང་། རྟ་ཐོག་གི་སྐོར་སྲུང་རུ་མི30ཚོ་ཆུང་གསུམ་ལ་བགོས་ཤིང་། ཚོ་ཆུང་རེའི་མི10ཡིས་ནགས་རྩྭ་མེ་ཟོན་ཁུལ5ནས6བར་འགན་ཁུར་ནས་ཉིན་ལྟར་སྐོར་སྲུང་ཧ་ལམ་ཆུ་ཚོད5ལྷག་བྱེད་བཞིན་ཡོད།
རི་སྐོར་ཁྲོད་གང་དུ་སླེབས་ཚེ་ཁོ་ཚོས་དུ་དུམ་འཕངས་ཡོད་མེད་དང་མེ་ཤུལ་ཡོད་མེད་ལ་ཞིབ་བཤེར་ནན་ཏན་བྱེད་པར་མ་ཟད། རིར་ཡོང་མཁན་ལ་ཐོ་འགོད་ནན་པོ་དང་མེ་ཟོན་དྲིལ་བསྒྲགས་སློབ་གསོ་ཡང་གཏོང་བཞིན་ཡོད། རྒྱུན་ལྡན་གྱི་སྐོར་ཞིབ་ལས་འགན་ཕུད། རྟ་ཐོག་སྐོར་སྲུང་རུ་ཁག་གིས་ད་དུང་འབྲོག་པ་མང་ཚོགས་ལ་ནགས་རྩྭ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད། ཁོང་ཚོས་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་ཉན་བདེ་གོ་བདེའི་སྐད་ཆའི་ཐོག་ནས་འབྲོག་པ་ཚོར་མེ་ཟོན་གྱི་གལ་ཆེའི་རང་བཞིན་དང་མེ་སྐྱོན་གྱི་གནོད་འཚེ་འགྲེལ་བཤད་བརྒྱབ་སྟེ་འབྲོག་པ་ཚོར་ཡ་རབས་ཉེན་མེད་ངང་མེ་སྤྱོད་པར་ཁྲིད་སྟོན་བྱས་པ་རེད།
ཁོ་ཚོའི་འབད་བརྩོན་ལྷོད་མེད་འོག་འབོ་པ་ཡུལ་ཤོག་གི་ཞིང་འབྲོག་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ནས་མི་ཚང་མས་ཧུར་ཐག་ངང་མེ་ཟོན་ལས་དོན་ཁྲོད་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་རྟ་ཐོག་སྐོར་སྲུང་རུ་མིས་ཕ་ཡུལ་གྱི་རི་ཆུ་ལ་རྒྱུས་མངའ་ལྡན་པ་དང་རྟ་ཐོག་གི་བབ་བསྟུན་རང་བཞིན་ལ་བརྟེན་ནས་མེ་ཟོན་སྐོར་ཞིབ་ཀྱི་ཕན་འབྲས་དང་ཁྱབ་ཁོངས་ཇེ་ཆེར་སོང་སྟེ་འབོ་པ་ཡུལ་ཤོག་གི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད།
དར་མདོ་གྲོང་ཁྱེར་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ནགས་རྩྭ་མེ་ཟོན་ལས་ཀ་སྤེལ།
ཉེ་ཆར། དར་མདོ་གྲོང་ཁྱེར་གྱི་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)ཁག་གིས་ཧུར་ཐག་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་ས་གནས་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱས།
སྤྱི་ཟླ12པའི་ཚེས11ཉིན། དར་མདོ་གྲོང་ཁྱེར་སྨད་པ་ཡུལ་ཤོག་གིས2024ལོའི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས། ཚོགས་འདུར་འགན་ལེན་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་ནས་རི་སྲུང་ཐུབ་པ་དང་། མིར་བལྟ་ཐུབ་པ། གློག་སྐུད་ལ་དོ་དམ་ཡག་པོ་བྱེད་པ། གློག་སྐུད་ཀྱི་འགན་དུད་ཚང་ལ་བགོས་པ་དང་གློག་སྡོང་མི་མགོར་བགོས་པ། ཆུ་འཐེན་འཕྲུལ་ཆས་སྤྱོད་པའི་སྦྱོང་བརྡར་དང་རྒྱུན་ལྡན་གྱི་ནང་སྦྱོང་ལ་ཤུགས་བསྣན་ཏེ་འཚུབ་བསྟུན་ཐག་གཅོད་ཀྱི་བྱེད་ནུས་ཆེ་རུ་གཏང་དགོས་པའི་བླང་བྱ་བཏོན་ཡོད། ཉིན་དེར། ཏུའུ་ཅང་ཡན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་མ་དངུལ་བཏང་ནས་ཉོས་པའི་སྣུམ་སོག་དང་། འཁྱེར་བདེ་བའི་རླུང་ཤུགས་མེ་གསོད་འཕྲུལ་ཆས། འཁྱེར་བདེ་བའི་ཆུ་འཐེན་འཕྲུལ་ཆས། མེ་ཟོན་ཆུ་སྦུག། གློག་འདོན་འཕྲུལ། ནགས་ཚལ་འགོག་སྲུང་གྱོན་ཆས་སོགས་ཁྱོན་སྒོར་ཁྲི28ལ་ཟིན་པའི་མེ་ཟོན་དངོས་ཟོག་ཚང་མ་དམིགས་སར་འབྱོར་བ་དང་དངོས་ཟོག་སྤྲོད་པའི་མཛད་སྒོ་སྤེལ་ཡོད།
དཔའ་སྲེག་རོང་ཡུལ་ཤོག་གིས་ཏང་ལེགས་སྐྱོང་གིས་ཁྲིད་སྟོན་བྱས་ཏེ་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ནས་ནགས་རྩྭའི་མེ་ཟོན་ལས་དོན་ཡག་པོ་བསྒྲུབས་ཡོད།“གདོང་ལེན་དྲིལ་བསྒྲགས་ལས་གནས”བཙུགས་པ་དང་ཆེད་ལས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆེད་ལས་མེ་ཟོན་དཔུང་ཁག་བཙུགས། ཆེད་ལས་ཅན་མིན་པའི་ཏང་མིའི་འོས་འགན་མེ་གསོད་རུ་མི83ལ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། མེ་ཁུངས་ཚོད་འཛིན། མེ་གསོད་རོགས་སྐྱོབ་སོགས་ཀྱི་གསོ་སྦྱོང་ཐེངས5དང་དངོས་འཐབ་ནང་སྦྱོང་ཐེངས12བྱས། ཏང་མི་གདོང་ལེན་གྱི“དྲིལ་བསྒྲགས་ལས་གནས་ཆུང་ངུ”17བཙུགས་པ་དང“སྐད་གཉིས་སྙན་སྒྲོན་རླངས་འཁོར”སོགས་ལ་བརྟེན་ནས་ཞིང་ཁ་དང་མུ་ཁར་དྲིལ་བསྒྲགས་ཏན་ཏིག་བྱས་ཡོད། འཕྲལ་སྒྲུབ་རུ་ཁག6བཙུགས་ཏེ་སོག་མ་སྲེག་པའི་གནད་དོན་ལ་དུས་ངེས་མེད་ངང་ཞིབ་བཤེར་བྱས་ཏེ་འགན་ལེན་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ་དང་ད་བར་གཅིག་བསྡུས་བཅོས་སྒྲིག་ཐེངས7བྱས་ཡོད། ཏང་ལེགས་སྐྱོང་གིས་གུང་གཞོན་ཚོགས་པ་འཛུགས་སྐྱོང་ལ་སྣེ་ཁྲིད་དེ“ཕུར་ཤུབས་དམར་པོའི”ཞབས་ཞུ་སྤེལ་བ་དང་། གྲོང་སྡེ་ཨུ་ལྷན6གིས་གུང་གཞོན་ཚོགས་པ་འཛུགས་སྐྱོང་ལ་བསྐུལ་ཡོད། “ལག་གདང་སྦྲེལ་བའི”དང་བླངས་ཞབས་ཞུ་སྤེལ་བ། ལས་ཁུངས་ཀྱི་ཏང་མི22དང་གུང་གཞོན་ཚོགས་པའི་ཚོགས་མི65ལས་གྲུབ་པའི“ཕུར་ཤུབས་དམར་པོའི”ཞབས་ཞུ་རུ་ཁག་དང“ལག་རྩལ་ཡན་ལག་རུ་ཁག”བཙུགས་ནས་མི་རྒན་དང་བྱིས་པ་ཚོའི་ཉེན་མེད་གློག་སྤྱོད་གནས་ཚུལ་ཚགས་བཤེར་ཐེངས7དང་གནད་དོན21བཅོས་སྒྲིག་བྱས་ཡོད།
སྡེ་དགེ་རྫོང་གིས་གློག་སྐུད་འོག་གི་འབར་སླ་བའི་དངོས་པོ་ཆེད་དོན་གཙང་སེལ་བྱས།
སྤྱི་ཟླ12པའི་ཚེས13ཉིན། དཔལ་སྤུངས་ཡུལ་ཤོག་གིས་སྐྱེ་ཁམས་ནགས་སྲུང་བ་དང་གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། གློག་འདོན་སྤྱི་གཉེར་ཁང་གི་ལས་སྒོ་མི་སྣ། ཡུལ་ཤོག(གྲོང་རྡལ)གི་ལས་བྱེད་པ་བཅས་བསྡུས་ནས་གློག་སྐུད་འོག་གི་འབར་སླ་བའི་དངོས་པོ་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་སྤེལ། གཙང་བཤེར་ལས་དོན་བདེ་བླག་ངང་སྤེལ་ཆེད། དཔལ་སྤུངས་ཡུལ་ཤོག་གིས་ལས་དོན་མི་སྣ་མི100དེ་ནང་བཞུགས་སུ་བཅུག་པ་དང་། སྐྱེལ་འདྲེན་རླངས་འཁོར7དང་། འཕྲུལ་རྟ40དང་། སྟ་རེ་དང་ཐག་པ་སོགས་མེ་ཟོན་འཚུབ་བསྟུན་སྒྲིག་ཆས་བཀོལ་ཡོད། ཐེངས་དེའི་བྱ་སྤྱོད་ཁྲོད་གློག་སྐུད་ལ་འགོག་རྐྱེན་བཟོས་པའི་ལམ་འགྲམ་གྱི་ཤིང་སྡོང་དང་ཡལ་ག། རྩྭ་སྐམ་སྤུངས་བ་སོགས་འབར་སླའི་དངོས་རྫས་ཏུན3ལྷག་གཙང་སེལ་བྱས་པ་དང་གཙང་སེལ་བྱེད་ཁྱོན་སྤྱི་ལེ35ཟིན་པས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བཀག་འགོག་བྱས་ཡོད།
བརྒྱད་ཟིལ་རྫོང་གིས་གོང་འོག་གཅིག་མཐུན་གྱིས་མེ་ཟོན་ལས་ཀ་སྤེལ།
ཉེ་ཆར། དཀར་བ་གྲོང་རྡལ་དང་ཐང་མགོ་ཡུལ་ཤོག། ཡོན་ཏན་གྲོང་རྡལ་བཅས་ཀྱིས་ཤུགས་ཡོད་རྒུས་ནགས་རྩྭ་མེ་ཟོན་ལས་ཀ་སྒྲུབ་བཞིན་ཡོད།
དཀར་བ་གྲོང་རྡལ་གྱིས་གྲོང་སྡེ་བཞི་དང་སྡེ་ཁུལ་གཅིག་བསྡུས་ནས་ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནགས་རྩྭ་མེ་ཟོན་དང་ཉེན་མེད་ཐོན་སྐྱེད་ཀྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས། ཚོགས་འདུར་གྲོང་སྡེའི(སྡེ་ཁུལ)འགན་ལེན་བྱེད་པའི་མགོ་ཁྲིད་ཀྱིས་རུ་དཔོན་བྱས་པ་དང་། གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། གྲོང་སྡེའི་ལས་བྱེད་པ་བཅས་རུ་མིར་བྱས་པའི་སྒྲོག་འགྲེལ་རུ་ཁག་གིས་མངའ་ཁོངས་སུ་ཕྱོགས་ཡོངས་ནས་དཔེ་མཚོན་གྱོད་དཔེའི་ཐོག་ནས་ཉེན་བརྡ་གཏོང་བ་དང་། མི་སེར་ཚོའི་གོ་བདེའི་ཡུལ་སྐད་ལམ་ནས་ཚོགས་འདུ་དང་ཡིག་ཆ། ཁྲིམས་སྲོལ་བཅས་ཀྱི་སྙིང་དོན་དང་མེ་ཟོན་ཤེས་བྱ་སྒྲོག་སྦྱོང་བྱས། ཉེན་སྟོན་སློབ་གསོའི་གློག་བརྙན་ལ་བལྟས་པར་མ་ཟད། མང་ཚོགས་བསྡུས་ནས་མེ་ཟོན་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ཤེས་བྱ1000བཀྲམ་ཡོད།
ཐང་མགོ་གྲོང་རྡལ་གྱིས2024ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་རྩྭ་མེ་ཟོན་མེ་གསོད་དང་ནགས་སྲུང་(རྩྭ་སྲུང)བྱེད་མཁན་གྱི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་ནགས་རྩྭ་མེ་ཟོན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་དང་སྲིད་ཇུས་ཡིག་ཆ་གསལ་འགྲེལ་བྱས་པ་དང་། ད་ལྟའི་ནགས་ཚལ་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་དང་ནགས་རྩྭ་མེ་ཟོན་ལས་དོན་བཀོད་སྒྲིག་བྱས་པར་མ་ཟད། ནགས་སྲུང(རྩྭ་སྲུང)བྱེད་མཁན་གྱི་ལས་གནས་ཀྱི་འགན་འཁྲི་དང་། ནགས་ཚལ་མེ་ཟོན་གྱི་རྨང་གཞིའི་ཤེས་བྱ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་མར་ཁ་གཏད་གཅོག་ཐབས། མེ་ཟོནAPPབཀོལ་སྤྱོད་དང་འབྲེལ་ཡོད་ཀྱི་སྲིད་ཇུས་ཁྲིམས་སྲོལ་སོགས་ཀྱི་ཐད་ལ་ནགས་སྲུང་(རྩྭ་སྲུང)བྱེད་མཁན་ལ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་གསོ་སྦྱོང་མཛུབ་སྟོན་བྱས་ཡོད།
ཡོན་ཏན་གྲོང་རྡལ་ནགས་ཚལ་སྔོན་འགོག་གཞུང་དོན་ཁང་གིས་ནགས་ཁུལ་གྱི་ལམ་མདོ་གཙོ་བོ་དང་། ལམ་འགྲམ། གཙོ་གནད་མེ་ཟོན་ས་ཁོངས་བཅས་སུ་དྲིལ་བསྒྲགས་སྦྱར་ཡིག་ཡུན་རིང་གནས་ཆེད་བསྐྱར་བྲིས་བྱས་པ་དང་རལ་སྐྱོན་ཤོར་བའི་དྲིལ་བསྒྲགས་སྦྱར་ཡིག་དུས་ཐོག་ཏུ་བརྗེས་པ་རེད། ལས་དོན་མི་སྣས་ད་དུང་ཉེ་འཁོར་མང་ཚོགས་ལ་མེ་ཟོན་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་དང་མང་ཚོགས་ཀྱི་དོགས་གནད་ལ་ལན་བཏབ་པས་མང་ཚོགས་ཀྱིས་ནགས་རྩྭའི་མེ་སྐྱོན་གྱི་གནོད་འཚེར་ངོས་འཛིན་དང་མེ་སྐྱོན་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)