སྒྱུ་མའི་དབྱངས་ལ་ནང་སེམས་ཆགས་ཤུལ་དུ།།
སྡོད་པ་མི་ཚུགས་རྡོག་སྣེ་གང་སར་བཞག།
ཞི་བར་མི་གནས་ཡིག་ཚོགས་སྤེལ་ལ་བྲེལ།།
ཉི་ཟེར་འཛུམ་པའི་མཐའ་དང་མཐའ་རུ་ཅེར།།
རླུང་བུ་ལྡང་བའི་ཕྱོགས་དང་ཕྱོགས་སུ་སྐྱོད།།
ལུས་སེམས་ངལ་དུབ་གཙང་པོའི་ཆུ་ལ་སྐུར།།
ཚོར་འདུ་རྗེན་པ་གང་བྱུང་ཚིག་ལ་བསྟར།།
མི་ཚེའི་དགའ་སྐྱོ་མཐའ་དག་དབྱངས་སུ་གྱེར།།
ཇི་མི་སྙམ་པའི་སྣང་བས་མི་སེམས་སྒུལ།།
བསྒྱུར་མི་ཐུབ་པའི་གཤིས་ཀས་ལྷ་ཡིད་འཕྲོག།
རི་ཆུའི་མཛེས་སྡུག་ཡིད་ཀྱི་རྟེན་དུ་བཞེངས།།
མྱ་ངམ་བྱེ་ཐང་མིག་མཐའི་གཙང་པོས་འཁྲུད།།
འཁོར་བའི་རི་ཐང་ལུས་ཀྱི་ངལ་བས་བརྒལ།།
འཇིག་རྟེན་རྒྱ་ཁྱོན་ཚོར་ཤེས་རེ་རེས་འཇལ།།
འདི་ཕྱིའི་བར་མཚམས་ཆོ་འཕྲུལ་ཚིག་གིས་ཕྱེ།།
སེམས་པ་མི་ཁོམ་དགྲ་གཉེན་འཐབ་རར་ཞུགས།།
ལུས་པོ་མི་དལ་ཐ་སྙད་མཁར་རྫོང་བསྐྲུན།།
སྨྲ་ལྕེ་མི་དིག་འཁོར་འདས་ཆོས་ཉིད་གླེང་།།
གདོང་གི་མཐིལ་དུ་དགའ་སྐྱོ་འདྲེས་མ་ཡི།།
འཛུམ་རིས་ཤིག་ཤིག་རླུང་དང་ལྷན་དུ་བསུ།།
ཁྲོ་བའི་གཤིས་དང་འཛུམ་པའི་ཉམས་སྣང་ལ།།
བཟང་བའི་ལས་དང་ངན་པའི་བྱ་གཞག་ལ།།
སེམས་བྱུང་ཀུན་རྟོག་ཕར་ཕར་བསྲེས་གྱུར་ནས།།
བརྡ་ཡིག་སྣ་ཚོགས་རུས་པའི་གསེང་ལས་རྡོལ།།
བསྟོད་སྨད་ཚིག་འབྲུ་བྱེ་བ་བརྒྱ་ཕྲག་སྤུངས།།
༼ འཇོ་མདའ་པདྨ། ༽
