གསུང་མི་འགྱུར་ཚིག་གི་འབྲུ་སྣོན་ལ་གཟིགས་དུས། །
ངག་སྒྱུ་རྩལ་དབྱངས་ཀྱི་མེ་ལོང་དང་བསྡེབས་ནས། །
སྙན་དྲུག་འགྱུར་ཚངས་པའི་མཁར་རྫོང་ཞིག་བཞེངས་ཏེ། །
མ་དབྱངས་ཅན་ལྷ་མོ་གདན་ཐོག་ལ་དྲངས་འདོད། །
ཕྱག་སྒྱུ་འཕྲུལ་དབྱངས་ཀྱི་མེ་ལོང་གི་དབུས་ནས། །
གཟུགས་ཡག་པོ་འཇོ་སྒེག་ན་ཆུང་གི་བུ་མོ། །
རླུང་བསེར་བུར་འགྲོགས་ནས་བྱང་ཐང་གི་རྫ་ནས། །
ངག་མགུར་མའི་དབྱངས་རྟ་ཁྱོད་རང་ལ་བླངས་ཡོད། །
དཔྱིད་ཁུ་བྱུག་གི་གསུང་སྙན་གློ་བུར་དུ་ཐོས་བྱུང་། །
ཚིག་སྡེབ་སྦྱོར་གྱི་མུ་ཏིག་ཕྲ་རྒྱན་ལ་བཏགས་དུས། །
ཡུན་རིང་དུ་བསྒོམས་པའི་ངག་རིག་གི་རྒྱལ་མོ། །
ངག་འགྱུར་ཁུག་གི་རྩེ་ནས་རང་དབང་གིས་འཕུར་སོང་། །
ཁྱོད་གནམ་འོག་བརྩེ་བའི་བདག་མོ་དེ་ཡིན་ན། །
ནང་སེམས་ཀྱི་བྱམས་བརྩེ་ལྷད་མེད་རང་ཡིན་འདུག །
གསུང་ཁུ་བྱུག་བུ་མོའི་འགྱུར་ཁུག་དང་མཚུངས་ན། །
ངག་དྲུག་འགྱུར་ཚངས་པའི་སྒྲ་དབྱངས་ལས་མ་འདས། །
ཆབ་ཆུ་བོའི་ཕ་མཐའ་གོམ་གསུམ་གྱིས་བསུ་དུས། །
ཡིད་སོམ་ཉི་མེད་པར་འདུན་མ་ལ་འཇུས་ཐལ། །
མ་དབྱངས་ཅན་ལྷ་མོར་འཁྲེང་སེམས་དེ་མ་ཆོད། །
སྤྲང་དབྱུག་པ་དྲུད་དེ་རྒྱང་རིང་ལ་ཆས་སོང་། །
མིག་ཁྲ་ཆུང་མདངས་ཀྱི་མེ་ལོང་དང་མཐུན་ན། །
བཞིན་དཀར་གསལ་ཟླ་བའི་འོད་ཟེར་ཞིག་རྒྱས་འདུག །
འཛུམ་མེ་ཏོག་ནང་གི་སེར་ཆེན་གྱི་འདབ་མ། །
མ་ཚངས་སྲས་མཆོད་པའི་དབྱངས་རྟ་ཞིག་ཕྲིས་དང་། །
ངག་དཔྱིད་དཔལ་དབྱངས་ཀྱི་འགྱུར་ཁུག་དང་མཐུན་ན། །
མ་དབྱངས་ཅན་དགྱེས་གླུའི་ཚབ་མཚོན་ཞིག་ཡོང་གི། །
སེམས་གངས་དཀར་རི་བོའི་ངང་ཚུལ་ལྟར་བརྟན་ན། །
ཁྲེལ་ཕྱི་ཐག་ཅན་ཞིག་ང་རང་ལ་འཐོབ་ཡོང་། །
རི་རྩེ་མོའི་མཐའ་ན་རྒྱང་འབོད་ཅིག་བྱོས་དང་། །
ཆབ་གཙང་པོའི་འགྲམ་ནས་སུ་ཞིག་གིས་ཐོས་འགྲོ། །
ཡུན་ཉེ་རིང་མེད་པར་སྙན་ངག་ལ་བརྩོན་དང་། །
ངག་སྒྲ་དབྱངས་བུ་མོའི་ཕྱི་མིག་ཅིག་བལྟ་ངེས། །
༼ ཁམས་ཟླ་སྲས། ༽