ཞིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་སྤྱི་ཟླ12ཚེས20ཉིན་གློག་འཕྲིན་འབྱོར་གསལ། ཚེས20ཉིན་གྱི་སྔ་དྲོར། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25སོང་རིང་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཨའོ་མོན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་ཅེས་གསུངས་པ་རེད། ཁོང་གིས། སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གོ་སྐབས་དམ་འཛིན་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས། རང་འགན་ཐེག་པ་འཁུར་ལེན་བཅས་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཏོན་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(པར་ངོས་གཉིས་པར་གཟིགས།)