སྤྱི་ཟླ12ཚེས20ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྥུང་ཧྥ་ཀུའེ་ཡིས་ཁྲེང་ཏུའུ་གྲོང་ཁྱེར་དུ་ཧྲུའུ་ཏའོ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཀྲང་ཀྲེང་ཧུང་དང་བཞུགས་མོལ་གནང་ཞིང་། ཕྱོགས་གཉིས་པོས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མ་གསར་སྤེལ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་མཐོན་པོར་ཡོང་རྒྱུར་བསྐུལ་བ་སོགས་ལ་དམིགས་ནས་སྤེལ་རེས་ཟབ་མོ་གནང་བ་རེད།
ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཧྲུའུ་ཏའོ་ཚོགས་པས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་ཧྲུའུ་ཏའོ་ཚོགས་པས་སྔར་རྒྱུན་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་དང་གྲུབ་རྐྱེན་གཙོ་བོ་གཅིག་སྒྲིལ་སོགས་ཀྱི་ཁྱད་ཡོན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་སོགས་འགྲིམ་འགྲུལ་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་གསར་པ་སྔར་བས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པའི་རེ་བ་བཏོན། ཁོང་གིས་ང་ཚོས་ཀྱང་ལས་ཀའི་བྱེད་ཐབས་སྔར་བས་མང་དུ་གཏོང་བ་དང་གྲུབ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཧྲུའུ་ཏའོ་ཚོགས་པས་དཀར་མཛེས་ཁུལ་དུ་མ་འཇོག་དང་འཕེལ་རྒྱས་གཏང་རྒྱུར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཁེ་ལས་དང་ས་གནས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲང་ཀྲེང་ཧུང་གིས་ཧྲུའུ་ཏའོ་ཚོགས་པའི་ཚབ་བྱས་ཏེ་ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཧྲུའུ་ཏའོ་ཚོགས་པའི་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲུའུ་ཏའོ་ཚོགས་པ་དང་དཀར་མཛེས་ཁུལ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་ལ། ཐུན་མོང་འཕེལ་རྒྱས་ཀྱི་ཚུགས་གནས་ཀྱང་ཡག་མོ་ཡོད་པས། མུ་མཐུད་ནས་ཁེ་ལས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྐྲུན་བཞིན་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་ལ་མགྱོགས་པོར་སྐུལ་བ། ནུས་རྒྱུ་གཙང་མ་གསར་སྤེལ་སོགས་ཁྱབ་ཁོངས་གཞན་གྱི་མཉམ་ལས་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་གཉིས་ཁེ་ཡོང་བའི་རྣམ་པ་གསར་པ་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)