(པར་ངོས་དང་པོར་མཐུད།)
ཚོགས་རའི་རྣམ་པ་རྔམ་བརྗིད་ལྡན་ལ་འཁྲུག་ཆ་དོད་པ་དང་། ཀྲུའུ་ཞི་སྡིངས་ཆར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དེ་བས་མངོན་གསལ་དོད་པོ་ཡོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ཚེན་ཧའོ་ཧུའེ་དང་སྐུ་ཟླ་ཧོང་ཁེ་ཕིང་གི་ཕེབས་རོགས་འོག་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད10པར། རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆར་ཕེབས་ནས་དམ་བཅའ་འཇོག་སྐབས་ལྟ་སྐུལ་གནང་བ་རེད། ཚེན་ཧའོ་ཧུའེ་ཡིས་དང་ཐོག་འགན་བཞེས་དམ་བཅའ་བཞག་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ལ་ཕྱོགས་ཏེ་ཕྱག་གཡས་པ་བཀྱགས་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྔམ་བརྗིད་ལྡན་པའི་ངང་དམ་བཅའ་བཞག་གནང་བ་རེད། དམ་བཅའ་བཞག་གྲུབ་རྗེས་ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་དཔོན་རིགས་གཙོ་བོས་ཚེན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་འཇོག་སྐབས་མུ་མཐུད་ལྟ་སྐུལ་གནང་བ་རེད། དམ་བཅའ་བཞག་གྲུབ་རྗེས་ཞི་ཅིན་ཕིང་གིས་ཁོང་ཚོ་རེ་རེར་བཞིན་ལ་ཕྱག་བཏང་གནང་བ་རེད།
དེ་རྗེས་ཚེན་ཧའོ་ཧུའེ་ཡིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་འཛིན་ཨུ་ལྷན་གྱི་ཨུ་ཡོན་རྣམས་ཀྱིས་འགན་བཞེས་དམ་བཅའ་འཇོག་སྐབས་ལྟ་སྐུལ་གནང་བ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། གསར་དུ་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་སྐུ་ཞབས་ཚེན་ཧའོ་ཧུའེ་དང་། སྲིད་གཞུང་སྐབས་དྲུག་པའི་དཔོན་རིགས་གཙོ་བོ་དང་སྲིད་འཛིན་ཨུ་ལྷན་གྱི་ཨུ་ཡོན་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ། དུས་ཡུན་རིང་པོའི་ནང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་དང་ཨའོ་མོན་གྱི་དར་རྒྱས་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25སོང་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ཕྱི་ཕྱོགས་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བཏང་བས“ལྟེ་བ་གཅིག་དང་། ལས་སྟེགས་གཅིག རྟེན་གཞི་གཅིག”བཅས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་དང་སྐྱེ་སྟོབས་ཆེན་པོ་ལྡན་པ་དང་། དེ་ནི་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་བཟང་པོ་ཞིག་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཞབས་འདེགས་ཞུ་བའི་ལམ་ལུགས་བཟང་པོ་ཞིག སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་པའི་ལམ་ལུགས་བཟང་པོ་ཞིག་བཅས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ར་སྤྲོད་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནང་འདུས་པའི་ཞི་བདེ་དང་། བསྟུན་མཁས། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་རིན་ཐང་གི་འདུ་ཤེས་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་ཡིན་པས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་རིན་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་ལག་ལེན་གྱི་ཉམས་མྱོང་ལས་ང་ཚོར་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ལ་མུ་མཐུད་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་དོན་ཚན་བཞི་སྟངས་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས“རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཕན་པ་སྤྱོད་མཁས་པོ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་བདག་ དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་བྱ་རྒྱུ་དེ་དུས་ནམ་ཡང་གཡོ་འགུལ་གཏན་ནས་གཏོང་མི་རུང་། དེ་དང་ཆབས་ཅིག“ལམ་ལུགས་གཉིས”ཀྱི་ཁྱད་པར་ལ་བརྩི་འཇོག་བྱས་ཏེ་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་གང་ལེགས་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་མུ་མཐུད་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་ཐེབས་པའི་འགན་ལེན་བྱེད་པ་དང་བཟོ་ལྟ་མི་འགྱུར་བ་དང་རྣམ་པ་མི་འགྱུར་བའི་འགན་ལེན་བྱེད་དགོས། གཉིས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པས། བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཀར་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས། མིག་སྔའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བརྟན་ལྷིང་འཆམ་མཐུན་གྱི་རྣམ་པར་གཅེས་སྤྲས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་བ་དང་། འཕེལ་རྒྱས་དོན་གཉེར་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། གསུམ་ནས་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་དང་ཕྱི་ནང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དེ་བས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་འབྲེལ་བ་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་གང་མགྱོགས་ཞུགས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རིང་སྦྲེལ་ཟམ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། བཞི་ནས་ལྟེ་བའི་རིན་ཐང་དར་སྤེལ་དང་བསྟུན་མཁས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་ལྟེ་བའི་རིན་ཐང་རྒྱུན་འཛིན་བྱེད་པ་དང་། སྣ་མང་རིག་གནས་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་སྟོབས་ཤུགས་མཐའ་དག་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་ཀུན་སེམས་ཆེ་ཤོས་གཅིག་ཏུ་སྒྲིལ་དགོས།
ཞི་ཅིན་ཕིང་གིས་སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་རེ་བ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གཉིས་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུ་ནི་ཨའོ་མོན་གྱི་རེ་བ་དང་ འབྱུང་འགྱུར་ཡིན་ལ། ཨའོ་མོན་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་སྐྱེ་སྟོབས་ལྡན་པའི་སྟོབས་ཤུགས་ཀྱང་ཡིན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཨའོ་མོན་དང་རྒྱལ་ཁབ་སེམས་ལ་འཆང་བ་དང་། ཕུགས་བསམ་ཆེན་པོ་འཆང་བ། ཏན་ཏན་ཏིག་ཏིག་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡག་པོ་ཞིག་བྱས་ཏེ་མེས་རྒྱལ་སྟོབས་ཆེན་དང་མཛེས་སྡུག་ལྡན་པའི་ཨའོ་མོན་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་ཐོག་ལང་ཚོའི་གཟི་འོད་འཕྲོ་ཐུབ་པའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་འབྲེལ་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལམ་ཡང་མངོན་པས། ཀྲུང་ཧྭ་མི་རིགས་འདི་ཉིད་གོམ་སྟབས་བརྟན་པོའི་ཐོག་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་འབད་བརྩོན་དང་རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡོད་པས། ཨའོ་མོན་གྱིས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་དང་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བའང་འབུལ་ཐུབ་ངེས་རེད།
ཚེན་ཧའོ་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་ལྕི་ལ་ལས་འགན་ཡང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ཚོར་གྱི་འདུག ང་ཚོས“འབད་འབུངས་མཉམ་སྐྱོད་དང་དྲང་གཞག་གསར་བཅོས”ཀྱི་སྲིད་སྐྱོང་འདུ་ཤེས་རྒྱུན་འཛིན་བྱས་ཏེ། སེམས་མཐུན་སྟོབས་སྒྲིལ་དང་གཞུང་འཁྱོངས་གསར་འབྱེད་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ།་མི་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཚེ། རྒྱལ་ཁབ་ཀྱི་སྙིང་ནོར་ལྟ་བུ་ཡིན་པའི་ཨའོ་མོན་འདི་ཉིད་དེ་བས་བཀྲག་མདངས་འཚེར་བར་གྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཕྱིར་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པ་ང་ཚོར་ཡིད་ཆེས་ཡོད་ལ་ནུས་པའང་ཡོད།།
(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)