国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒོ་རྟགས་ཨང་ཉེར་གཅིག་པ།༼ སྒྲུང་ཐུང་།༽

ཁ་བ་ཤིན་ཏུ་མཐུག་པའི་དགུན་གཞུང་ཞིག་ལ།ཁྱིམ་ཚང་ཞིག་གི་བདག་པོ་དང་ཆུང་མ་ཞིག་གི་སྐྱེས་པར་གྱུར་པའི་ཕོ་ལོ་སོ་གསུམ་ཅན་གྱི་འབྲུག་བྷེ་གནས་གཞན་དུ་ཞོར་ལས་སུ་ཆས།འགྲོ་ཁར་ཆུང་མར་ཁྱིམ་ཚང་ནང་གི་ལས་ཀ་ལྕི་མོའི་རིགས་ལ་འཇུ་མི་དགོས་ཚུལ་དང་ཁོ་ཕྱིར་ཡུལ་ལ་འབྱོར་ཚེ་ལས་ཆོག་རབས་སོགས་ནན་བཤད་བྱས།འོན་ཀྱང་མི་རྟག་ལས་ཀྱི་བཀོད་པ་ཟེར་བའི་སྣེ་མོ་ནི་སུས་ཀྱང་ཟིན་ཐབས་མེད་པས་ཐེངས་དེའི་གྱེས་བྲལ་ནི་ཁོའི་མི་ཚེ་གཅིག་གི་ལེའུ་མཇུག་བསྡུ་བའི་གྱེས་བྲལ་དུ་གྱུར།

དགུན་ཟླ་རིང་མོ་ཞིག་ངང་གིས་འདས་རྗེས་འབྲུག་བྷེའི་ཆུང་མས་ཐོ་རེངས་དང་ལྷན་དུ་དཔྱིད་གསར་གྱི་ལས་ཀ་ཙག་ཙིག་ལ་ཤི་འཐམ་རོ་འཐམ་བྱས་ཤིང་།ཉི་ཟེར་དང་མཉམ་དུ་ཕྱུགས་ཟོག་རི་ལ་བསྐོར་ཏེ་ཕྱི་དྲོའི་གྲིབ་ཆེན་དང་འགྲོགས་ནས་ཕྱིར་ཁྱིམ་དུ་ལོག་སྟེ་ཐབ་ཚང་དུ་མེ་བུས་ཤིང་ཁེར་ཧྲེང་ངེར་དགོང་ཇ་སྐྱ་སྐྱུར་ཞིག་བྲེལ་འཐུང་བྱས་རྗེས་ངལ་གསོ་བར་བྱེད།སྤྱིར་འབྲུག་བྷེ་བཟའ་ཟླ་གཉིས་ལ་བྱིས་པ་གཅིག་ཀྱང་མེད་མོད།ཡིན་ཡང་ཁོ་གཉིས་ལྷན་དུ་ཡོད་དུས་ཁྱིམ་དུ་དགོད་སྒྲ་དང་དྲོད་ཁོལ་གྱིས་ཁེངས་ཡོད་ཅིང་།ཁོམ་གསེང་གི་བར་དུ་ཁྱིམ་མཚེས་དག་ལ་རུ་ཉུལ་བར་མ་ཟད་རོགས་རམ་ཡང་ནུས་ཚོད་ཀྱིས་བྱ་བར་བྱས།ཡིན་ཡང་འབྲུག་བྷེ་ཞོར་ལས་སུ་ཕྱིན་པའི་ཟླ་དེ་དག་གི་རིང་འབྲུག་བྷེའི་ཆུང་མ་རྒྱུན་པར་དང་མི་འདྲ་བར་ལྷིང་འཇགས་ངང་འདུག་པ་ལས་རུ་སྐོར་ཁྱིམ་མཚེས་དག་ལ་རུ་ཉུལ་དུའང་མི་ཡོང་བས་རྒྱུས་ཡོད་ཅིག་གིས་བལྟས་ན་ཆེས་རྒྱུས་མེད་ཅིག་ཏུ་སྣང་འོང་བ་ཞིག་ཏུ་སེམས།

ཉིན་ཞིག་གི་ཞོགས་པར་ཁྱིམ་མཚེས་རྒན་པོ་བཀྲ་ཤིས་འབྲུག་བྷེ་ཚང་ལ་ཡོང་སྟེ་འབྲུག་བྷེའི་ཆུང་མར་བཤད་རྒྱུར།འབྲུག་བྷེ་ཞོར་ལས་ལ་སོང་ནས་ཕལ་ཆེར་ཟླ་ངོ་ཧྲིལ་བོ་བརྒྱད་ལྷག་འགོར་བས་ད་ནི་རུ་བ་སྤོ་རན་ལ་ཐོན་ལ་ཉེ་བས་ཁྱོད་ཀྱིས་མྱུར་མོར་འབྲུག་བྷེར་སྐད་ཅིག་སྐུར་ཐབས་བྱས་མ་གཏོགས་འུ་ཚོའི་དབྱར་སར་ལམ་ཐག་རིང་ཁར་ཁྱེད་ཚང་ལ་ཕྱུགས་ཟོག་ཀྱང་ཅུང་མང་བས་ཁྱོད་གཅིག་པུའི་དཀའ་རབས་སོགས་བསམ་དཀར་གྱི་དྲན་སྐུལ་མང་དུ་བྱས།འབྲུག་བྷེའི་ཆུང་མས་ཀྱང་ངག་འཇམ་པོས་རྒན་པོ་བཀྲ་ཤིས་ལ་ཡ་ལན་སྤྲད།དེ་ནས་ཉིན་འགའ་འགོར་རྗེས་འབྲུག་བྷེའི་ཆུང་མས་འབྲུག་བྷེ་ལས་ཀར་སོང་བའི་ས་ཕྱོགས་དེར་སྡེ་མི་འགའ་དངུལ་བསྐྱི་རུ་འགྲོ་བ་ཐོས་ཕྲལ་ཐད་ཀར་ཁོ་ཚོར་སྐད་བསྐུར་ཏེ་འབྲུག་བྷེ་ཡུལ་ལ་ལོག་དགོས་རབས་ཀྱི་རྒྱུ་མཚན་མཐའ་དག་མ་ཆད་མ་ལུས་པར་གསལ་བོར་བཤད།ཡིན་ཡང་ཉིན་གཉིས་ཀྱི་རྗེས་སུ་དངུལ་སྐྱི་བ་དག་ཕྱིར་སྡེ་བར་འབྱོར་མོད།འབྲུག་བྷེའི་ཆུང་མར་འབྲུག་བྷེའི་གནས་ཚུལ་ཅི་ཡང་བཤད་མ་སོང་བས་ཁོ་ཐད་ཀར་དངུལ་སྐྱི་རུ་སོང་བའི་ཁྱིམ་ཚང་ཞིག་ཏུ་འབྲུག་བྷེའི་གནས་ཚུལ་འདྲི་རུ་ཕྱིན།

ཡིད་ཕངས་པ་ལ།དངུལ་སྐྱི་བ་དེས་འབྲུག་བྷེའི་ཆུང་མར་བཤད་རྒྱུར།ང་ཚོ་དངུལ་ཁང་དུ་འབྱོར་ནས་དངུལ་བསྐྱིས་རྗེས་ཁྱོད་ཀྱིས་བཤད་པའི་ས་གནས་དེར་སོང་བ་ཡིན།ཡིན་ཡང་དེ་རུ་ལས་ཀ་ལས་མཁན་གཅིག་ཀྱང་མི་འདུག་པར་མ་ཟད་ཐ་ན་གནས་ཚུལ་འདྲི་སའི་མི་གང་ཡང་མེད་པས་ཁྱོད་ཀྱིས་བསྐུར་བའི་སྐད་བཤད་ཐུབ་མ་སོང་འོས་མེད་རེད་ཅེས་ལན་བཏབ།དེ་ནས་འབྲུག་བྷེའི་ཆུང་མ་བྲེལ་འཚུབ་ངང་ཕྱིར་ཁྱིམ་དུ་ཡོང་སྟེ་ཕྱུགས་ཟོག་དག་ལྷས་རར་བསྐྱིལ་རྗེས་ཕྱུགས་ཟོག་ཁྱིམ་མཚེས་ཚང་ལ་ལས་བཅོལ་བྱས་ཤིང་།ལྷས་འདབས་ཀྱི་རྟ་ཕོ་བཟི་ལེར་བཞོན་ཏེ་དེ་མ་ཐག་འབྲུག་བྷེ་ལས་ཀར་ཕྱིན་པའི་ས་ཕྱོགས་སུ་གོམ་ཁ་བསྒྱུར།མཚམས་སྤྲིན་རི་རྒྱབ་ནས་ཡུན་གྱིས་ནུབ་སྟེ་སྐར་མའི་རི་ཕྲེང་སྒྲིག་ཡོང་བའི་སྐབས་ཏག་ཏག་ལ་འབྲུག་བྷེའི་ཆུང་མ་འབྲུག་བྷེ་ལས་ཀར་སོང་བའི་ས་ཕྱོགས་སུ་འབྱོར།ས་དེ་ནི་མ་གཞི་ཐོག་བརྩེགས་ཕྲེང་བར་བསྒྲིགས་ཤིང་གློག་འོད་དཀར་དམར་སྔོ་ལྗང་འོད་དུ་འཚེར་བའི་གྲོང་ཁྱེར་ཆུང་ཆུང་ཞིག་རེད།མོས་དེ་མུར་འདང་ཞིག་བརྒྱབ་ནས་ཞོན་རྟ་གྲོང་མཐའ་ནས་བཏགས་རྗེས་རྐང་པ་བརྒྱབ་ནས་གྲོང་ཁྱེར་ནང་ཕྱིན།མོ་སྤྱིར་ནས་དེ་ལྟ་བུའི་གྲོང་ཁྱེར་དུ་སོང་མྱོང་མེད་རྐྱེན་གྲོང་ཁྱེར་དུ་འབྱོར་རྗེས་གཞུ་དབྱིབས་ཀྱི་རྡོ་ཟམ་དང་བསྣོལ་སྡེབ་བྱས་ཡོད་པའི་གཞུང་ལམ་མང་པོ་ཞིག་དང་འཕྲད་སྟབས་རེ་ཞིག་གོམ་མཚམས་གཞག་དགོས་བྱུང་སོང་།ཅུང་མ་འགོར་བར་མོ་དང་ཐག་མི་རིང་བའི་ས་ན་བོད་ལྭའི་སྟོད་ཐུང་སྐྱ་བོ་གྱོན་པའི་སྐྱེས་པ་ཞིག་གིས་བྱིས་པ་ཞིག་ཁྲིད་ནས་གཞུང་ལམ་འགྲམ་དུ་འགྲོ་བ་མཐོང་བས་མོ་དེ་མུར་སྐྱེས་པ་དེའི་ཕྱོགས་སུ་བརྒྱུགས་ནས་ཆོ་གའི་བཤད་པའི་ས་གནས་དྲིས་པ་ན་སྐྱེས་པ་དེས་ཅུང་ཙམ་ལ་མགོ་ཕུར་ཕུར་བྱས་རྗེས་ཡུལ་དེ་གར་ད་ལྟ་ལས་མཚམས་བཞག་ཡོད་རབས་དང་དེའི་རྒྱུ་མཚན་མཐའ་དག་ཤེས་འདོད་ན་སྤྱི་བདེ་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་ཚུལ་སོགས་མང་དུ་བཤད།དེ་ནས་འབྲུག་བྷེའི་ཆུང་མས་གྲོང་ཁྱེར་དེའི་ཉེན་རྟོག་ཁང་གི་གནས་ཡུལ་སོགས་གསལ་པོར་དྲིས་རྗེས་མྱུར་མོར་ཉེན་རྟོག་ཁང་དུ་བསྐྱོད་འགོ་བརྩམས།

འབྲུག་བྷེའི་ཆུང་མ་རྐང་ཐང་ལ་ཆུ་ཚོད་གཉིས་ཡས་མས་སུ་སོང་རྗེས་ཉེན་རྟོག་ཁང་དུ་འབྱོར།ལས་རེས་ཉེན་རྟོག་པས་མོ་ཡོང་དོན་དང་ས་གནས་སྡེ་བ་སོགས་གསལ་བར་དྲིས་རྗེས་འབྲེལ་ཡོད་འགོ་ཁྲིད་ལ་སྙན་སེང་ཞུས།ཅུང་མ་འགོར་བར་བོད་སྐད་ཀྱི་དག་ཆ་འབུར་དུ་ཐོན་པའི་ཉེན་རྟོག་པ་རྒན་པ་ཞིག་ཡོང་ནས་ཡང་བསྐྱར་མོ་ཡོང་དོན་གྱི་རྒྱུ་མཚན་མཐའ་དག་དང་ཁོའི་རུ་སྡེ་དང་ཡུལ་ཚོ་སོགས་གསལ་པོར་ཐེངས་ཤིག་དྲིས་རྗེས་མོར་འབྲུག་བྷེ་དང་ཁོའི་ལས་རོགས་པ་གསུམ་གྱི་གནས་ཚུལ་གསལ་གསལ་དག་དག་གིས་བཤད།ཉེན་རྟོག་རྒན་པ་དེ་ནི་གྲོང་ཁྱེར་དེའི་ཉེན་རྟོག་འགོ་བ་ཡིན་ཞིང་།ཁོས་ཀྱང་ཟླ་བ་དེ་དག་རིང་འབྲུག་བྷེའི་ཁྱིམ་མིའི་གནས་ཚུལ་རྩད་གཅོད་བྱེད་བཞིན་ཡོད་རབས་ཀྱང་མང་དུ་གླེང་།ཉེན་རྟོག་འགོ་བའི་བཤད་པའི་དངོས་ཡོད་གནས་ཚུལ་དག་ཐོས་རྗེས་འབྲུག་བྷེའི་ཆུང་མ་ཅུང་ཙམ་ལ་བརྒྱལ་ཞིང་དེ་ནས་སྐྱོ་སྡུག་གི་མཆི་མ་རེ་རེ་བཞིན་ས་རུ་ཟགས།ཉེན་རྟོག་འགོ་བས་བཤད་ན་ཟླ་འགའི་སྔོན་དུ་འབྲུག་བྷེ་དང་ཁོའི་ལས་རོགས་ཚོའི་གྲོང་མཐའི་བཟོ་གྲྭ་ཞིག་ཏུ་ཨར་ལས་བྱེད་ཀྱིན་འདུག།ཡིན་ཡང་བཟོ་གྲྭའི་འགོ་བས་འབྲུག་བྷེ་དང་ཁོའི་ལས་རོགས་གསུམ་ལ་གྲོང་མཐའ་རུ་སྡོད་ཁང་རྙིང་པ་ཞིག་བཀོད་སྒྲིག་བྱས་རྐྱེན་ཁང་པ་བརྡིབས་ནས་འབྲུག་བྷེ་དང་ཁོའི་ལས་རོགས་གསུམ་རྐྱེན་ལམ་དུ་ཤོར་བ་རེད་ཅེས་ཞིབ་ཚགས་ཀྱིས་བསྐྱར་དུ་སྨྲས་ཤིང་།བཟོ་གྲྭའི་འགོ་བའི་ཁེ་ཕན་གྱི་ཆེད་དུ་དེ་ལྟར་བྱས་རྐྱེན་ཉེན་རྟོག་ཕྱོགས་ནས་བཟོ་གྲྭའི་སྒོ་གཏན་ཏེ་བཟོ་གྲྭའི་འགོ་བ་སྲིད་འཛིན་བཀག་གཉེར་བྱས་ཡོད་པར་མ་ཟད་ཉེས་སྐྱོན་བདའ་འདེད་བྱེད་བཞིན་ཡོད་ཟེར།

མ་གཞི་བཟོ་གྲྭའི་འགོ་བས་འབྲུག་བྷེ་དང་ཁོའི་ལས་རོགས་གསུམ་ལ་བཀོད་སྒྲིག་བྱས་པའི་སྡོད་ཁང་དེ་ནི་སྔོན་ཆད་ནས་ཞིག་རལ་དུ་གྱུར་པའི་མགྲོན་ཁང་ཆུང་བ་ཐོག་བརྩེགས་རིམ་པ་གསུམ་ཅན་ཞིག་ཡིན་ལ།ཁོ་ཚོར་དོན་དག་བྱུང་བའི་ཁང་པ་ནི་“སྒོ་རྟགས་ཨང་ཉེར་གཅིག”ཅན་གྱི་ཐོག་བརྩེགས་གསུམ་པའི་ཁང་རྙིང་ཞིག་ཡིན་འདུག། མ་གཞི་ནས་མགྲོན་ཁང་ཆུང་བ་དེར་མི་གཅིག་ཀྱང་བསྡད་མེད་པར་མ་ཟད་ཉིན་དེར་གྲོང་ཁྱེར་དེར་རིམ་པ་བཞི་ཚེག་བདུན་ཅན་གྱི་ཡོམ་འཕྲོ་ཞིག་བྱུང་བས་རྡིབ་ལ་ཉེ་བའི་ཁང་རྙིང་བརྡིབས་ཏེ་ལས་བཟོ་བ་བཞི་པོ་རྐྱེན་ལམ་དུ་ཤོར་བ་རེད།མཐའ་དག་རྩད་ཆོད་རྗེས་ཞོགས་པར་འབྲུག་བྷེའི་ཆུང་མས་ཉེན་རྟོག་ཁང་དུ་བསྒྲུབ་དགོས་པའི་འགྲོ་ལུགས་མཐའ་དག་བསྒྲུབས་རྗེས་སེམས་ངལ་དང་མཆི་མའི་ཟུག་གཟེར་ཁྱེར་ནས་གྲོང་མཐའི་རྟ་ཕོར་བཞོན་ཏེ་ངལ་དུབ་དང་སྡུག་བསྔལ་གྱིས་མནར་བའི་ལུས་པོ་ཕ་ཡུལ་ཕྱོགས་སུ་བསྒྱུར།བསམ་ཞིང་བསམས་ན་འཆི་བ་ནི་མ་གཞི་ནས་རྟག་མེད་ཅིག་ཡིན་ལ།སྒོ་རྟགས་ཨང་ཉེར་གཅིག་ཅན་གྱི་ཁང་རྙིང་དེའང་ཁང་རྙིང་ཙམ་དུ་ཟད་མོད།ཡིན་ཡང་འབྲུག་བྷེའི་ཆུང་མའི་དྲན་དཀྱིལ་དུ་ལྷུང་བའི་སྒོ་རྟགས་ཨང་ཉེར་གཅིག་ཅེས་པ་དེ་ནི་ཇི་འདྲའི་བརྗེད་དཀའ་ཞིང་གཏན་དུ་བློས་མི་ཕོག་པའི་ཨང་རྟགས་ཤིག་ལོས་ཀྱང་ཡིན་ནོ།།

༼ མགར་ཐང་དཀར། ༽