ཡིད་ལ་འཐད་པའི་བུ་མོ་འཛུམ་ཡག་མ།།
སེམས་ལ་སོང་བའི་ཞེ་བཟང་ཆུང་ལོ་མ།།
སྣང་བའི་གྲོང་གི་ལྷ་དེ་ཁྱོད་རང་ཡིན།།
ཡིད་ལ་རྒྱུ་བའི་སྒྱུ་འཕྲུལ་ཁྱོད་རང་ཡིན།།
ལོ་ཟླ་མང་པོ་བརྒལ་བའི་བར་གསེང་ནས།།
ཞེ་ལ་མཚོ་བཞིན་འཁྱིལ་བའི་ཁྱོད་རང་ནི།།
མལ་སའི་གྲོང་གི་རྨི་ལམ་རྨིས་པ་དང་།།
སྣང་བའི་རི་ལ་འཁོར་བའི་ཤེའུ་ཆུང་ཡིན།།
སེམས་ཀྱི་གཤིས་ལ་ལྷུང་བའི་ཆགས་ཞེན་འདིས།།
ཁྱེད་ཀྱི་བྱད་གཟུགས་ཡང་ཡང་འཆར་བ་ལས།།
ལོ་ཟླ་གྲངས་མེད་འདས་པའི་དུས་ཚིགས་ནས།།
སྐད་ཅིག་ཙམ་ཡང་སེམས་ནས་བསུབ་མ་ནུས།།
ཁྱོད་རང་ཞེན་པའི་གཞན་ལ་ཆགས་མ་ནུས།།
ཁྱོད་རང་དུང་བའི་གཞན་ལ་བརྩེ་མ་ནུས།།
ཁྱོད་ལ་ཆགས་པའི་ཁོ་བོའི་སེམས་པ་ཡང་།།
ཁྱོད་དང་མ་བྲལ་ཞེན་པའི་སེམས་དེ་ལྡན།།
༼ རྡོ་རྗེ་ཐར་ལམ། ༽