国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)

ཏང་ཀྲུང་དབྱང་གིས་ད་ཐེངས་ཀྱི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་པ་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་དོན། 2024ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་སྐས་རིམ་གསར་པར་སླེབས་པ་དང་། ཞིང་པའི་ཡོང་འབབ་བརྟན་པོ་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 2025ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་པ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་འགྱུར་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནས་འཕྲོད་དང་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཕན་ནུས་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་པོ་དང་། གྲོང་གསེབ་ས་ཁུལ་སྔར་བས་དར་རྒྱས། ཞིང་པའི་འཚོ་བ་སྔར་བས་བདེ་སྐྱིད་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་དགོས།

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《གྲོང་གསེབ་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་འདི་ལོའི“ཞིང་གསུམ”ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་། 2025ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་པ། “ཞིང་གསུམ”ལས་དོན་དེ་འཐབ་ཇུས་ཐོག་ནས་བཀོད་སྒྲིག་དང་འགག་རྩར་གཞི་ཚུགས་པར་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་བཅས་གནང་བར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེས་ན“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ་དེ་ཞིབ་ཕྲའི་བྱ་སྤྱོད་དང་བྱ་ཐབས་སུ་འགྱུར་བར་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུང་བྱས་དོན། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་དངོས་གཙོ་བོ་ཁག་གཅིག་ཡག་པོ་བསྒྲུབས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ལ་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་འཁུར་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ། འབྲུ་སྣུམ་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། རྨོ་ཞིང་ལ་བཟུང་གསབ་དོ་སྙོམས་ཀྱི་དོ་དམ་ནན་པོ་བྱེད་པ། རྨོ་ཞིང་འདེབས་འཛུགས་སྤྱོད་སྒོའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་བཅས་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་དང་མ་དངུལ་བདེ་འཇགས་ཀྱི་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྲུབ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་བེད་སྤྱོད་གང་མགྱོགས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་དབྱང་གི་སྤྱི་འདོམས་འོག་གི་འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཁེ་ཕན་ཁ་གསབ་ལག་ལེན་བསྟར་འགོ་འཛུགས་དགོས། ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་དང་ཐོན་སྐྱེད་མཐུན་སྦྱོར་གྱི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་དགོས། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་པ་དང་འབྲོག་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་རོགས་སྐྱོར་བྱས་ཏེ་འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ཁག་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལམ་སྲོལ་དང་། ཡོང་འབབ་དམའ་བའི་མི་འབོར་དང་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རིམ་དབྱེ་དང་རིགས་དབྱེའི་རོགས་སྐྱོར་ལམ་ལུགས་སྤྱི་འདོམས་ངང་འཛུགས་པ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། “ཡུལ་ཟོག”གི་ལས་དོན་ཡག་པོ་སྒྲུབ་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་འཆར་འགོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་བསྟུན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བཀོད་ཇུས་ལ་སྤྱི་འདོམས་བྱེད་པ། རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་རྒྱུན་མཐུད་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱེད་དགོས། ཡ་རབས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྲོལ་འཛུགས་སྐྱོང་འདུ་འགོད་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་ངན་པ་སྒྱུར་བ་བཅས་བྱེད་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གཙང་སེལ་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཆ་འགན་གཙང་གི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བེད་མེད་དུ་བསྐྱུར་བའི་ཞིང་པའི་ཁང་པ་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱེད་སྟངས་བརྒྱུད་བེད་སྤྱོད་ནུས་ལྡན་ཡོང་བའི་བྱེད་སྟངས་འཚོལ་ཞིབ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་འདུ་གཏོང་ལམ་སྲོལ་གཏོད་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་གྲོང་གསེབ་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པ། ཞིང་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ། ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བ། ས་གནས་ཁག་གིས་ལག་ལེན་འཚོལ་ཞིབ་དང་སྒྱུར་བཅོས་གསར་གཏོད་བྱེད་པར་ལྕག་སྐུལ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།།

(བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས།)