国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐང་གའི་སྒྱུ་རྩལ་བརྒྱུད་འཛིན་གསར་དུ་སྤེལ།། མཛུབ་མོའི་རྩེ་ནས་མི་ཚེའི་ཕུགས་འདུན་གྲུབ།།

ཀ་སྨན་ཐང་ག་གསར་གཏོད་བྱེད་མཁན་ལྷ་རིས་པ་མཁས་ཅན་ཚེ་འཕེལ་གྱི་གནས་ཚུལ་བཀོད་པ།

ཚེ་འཕེལ་གྱིས་དགེ་ཕྲུག་ཚོར་ཐང་གའི་ཚོན་རིགས་འབྱེད་སྟངས་སློབ་བཞིན་པ།

ཚེ་འཕེལ་གྱིས་དགེ་ཕྲུག་ལ་ཐང་ག་འབྲི་རྩལ་སློབ་བཞིན་པ།

བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཐང་ག་འབྲི་བཞེངས་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཡིད་སྨོན་མཚོན་ལ། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་མཛེས་རིག་དང་རིག་ནུས་ཀྱང་འདུས་ཡོད།

ཚེ་འཕེལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཀརྨ་སྒར་བྲིས་ལུགས་དང་སྨན་གསར་ཐང་ག་འབྲི་ལུགས་མཉམ་འདྲེས་ལེགས་པར་བྱས་ཏེ། བོད་རིགས་སྲོལ་རྒྱུན་ལག་རྩལ་བརྒྱུད་འཛིན་ཁྲོད་ཀ་སྨན་ཐང་ག་གསར་དུ་བཏོད་ནས་བོད་འབྲེལ་ས་ཁུལ་དུ་སྐད་གྲགས་ཅན་གྱི་ལྷ་རིས་པ་མཁས་ཅན་དུ་གྱུར།

ཐང་ག་བྲིས་བཞེངས་ལ་བརྩོན་པའི་ལོ་ངོ41རིང་ལ་ཁོང་གིས་དགེ་ཕྲུག400ལྷག་ཁྲིད་དེ་མཛུབ་མོ་རྩེ་ནས་འཚར་སྡུག་གི་མི་ཚེའི་ཕུགས་འདུན་དོན་དུ་གཉེར་ཞིང་། སྲོལ་རྒྱུན་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་བརྒྱུད་འཛིན་ཁྲོད་གསར་གཏོད་བཏང་།

བརྒྱུད་འཛིན་དང་གསར་གཏོད་མཉམ་འགྲོགས་ཀྱིས་ཐང་གའི་མཛེས་ རྩལ་ལམ་གསར་བཏོད།

1962ལོར་ཚེ་འཕེལ་ལགས་སྡེ་དགེ་སྨན་ཤོད་ཀྱི་ཁྱིམ་ཚང་དབུལ་ཕོངས་ཤིག་ཏུ་འཁྲུངས་ཤིང་། ཁྱིམ་ཚང་དུ་བུ་རྒྱུད་མང་བའི་དབང་གིས་འཚོ་བ་གཞན་ལས་དཀའ་ངལ་ཆེ། ཚེ་འཕེལ་ན་ཆུང་དུས་སུ་རྐང་པར་སྐྱོན་ཕོག་པའི་སྡུག་བསྔལ་གྱི་གནས་སུ་ལྷུང་ན་ཡང་། སྟབས་ལེགས་པ་ཞིག་ནི་ཁོང་དང་ཐང་ག་བར་ལས་འབྲེལ་གྱི་མདུད་པས་དམ་དུ་བཅིངས་ཐུབ་ཡོད། ན་ཆུང་དུས་ཚེ་འཕེལ་རི་མོ་འབྲི་རྒྱུ་ལ་དགའ་ཞེན་ཆེ་ཞིང་། སོལ་དུམ་ཁྱེར་ནས་ཁང་པའི་གྱང་ངོས་སུ་མི་དང་རྟ་ནོར་ལུག་སོགས་རི་མོ་གང་མང་བྲིས། ལོ་ན17ལ་སོན་པའི་སྐབས་སུ་སྡེ་ཚོ་གཅིག་པའི་སྨན་གསར་ཐང་ག་འབྲི་མཁན་མཁས་ཅན་ཚེ་མགོན་ལ་བསྟེན་ཏེ་ཐང་ག་རི་མོ་འབྲི་པའི་ལམ་བུར་སྐྱོད་འགོ་བཙུགས། ཁོང་གི་རྐང་པར་སྐྱོན་ཡོད་པའི་དབང་གིས་ཁྱིམ་ཚང་ལ་ལས་རོགས་མི་ཐུབ་པས། རང་ཉིད་མི་གོ་མི་ཆོད་པའི་བསམ་པས་མནར་ནས་སེམས་པ་ཧ་ཅང་སྐྱོ་ནས་ཡོད། ཚེ་འཕེལ་གྱིས་ད་ལྟ་ཐང་ག་བྲིས་བཞེངས་ཀྱི་གོ་སྐབས་བཟང་པོ་ཐོབ་པ་དང་བསྟུན་ནས་ཁྱིམ་མིར་ཡོང་འབབ་སྒྲུབ་ཐུབ་པ་དང་ཆབས་ཅིག་རང་ཡང་སྐྱེ་བོ་མི་གོ་ཆོད་པ་ཞིག་འགྱུར་ཐུབ་ཆེད་སེམས་ངལ་གྱི་ཁུར་པོ་རྒྱང་དུ་དོར་ཏེ་སྤྲོ་སྣང་ཚད་མེད་དང་ཁ་ཞེ་གཉིས་མེད་ངང་ཕུགས་འདུན་ཕྱོགས་སུ་གོམ་ཁ་བསྒྱུར། ལོ་གསུམ་རིང་ཐང་ག་བྲིས་བཞེངས་ལ་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། ཚེ་འཕེལ་གྱིས་སྨན་གསར་ཐང་ག་བྲིས་བཞེངས་ཀྱི་སྙིང་བཅུད་ཁོང་དུ་གང་ལེགས་ཆུད་ཡོད། ལོ་ན20ལ་སོན་སྐབས་ཡང་ཀརྨ་སྒར་བྲིས་མཁས་ཅན་ཐང་ལྷ་ཚེ་དབང་ལ་བསྟེན་ཏེ་ཀརྨ་སྒར་བྲིས་ཐང་ག་བྲིས་བཞེངས་ཀྱི་སྒྱུ་རྩལ་སྦྱོང་འགོ་བཙུགས། ཆ་རྐྱེན་ཞན་པའི་དབང་གིས་ཚེ་འཕེལ་དང་སློབ་གྲོགས་ཚོ་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་ཐང་ག་འབྲི་སྦྱོང་མི་བྱེད་ཀ་མེད་བྱུང་། དེ་ནས་ཚེ་འཕེལ་གྱིས་སྒོ་ཕྱིར་ཐང་ག་འབྲི་སྦྱོང་བྱ་རྒྱུར་ཐག་བཅད་དེ། ཕྱི་རོལ་ཡུལ་གྱི་མཛེས་པའི་རི་ཀླུང་ཁྲོད་དུ་ཁོང་ལ་རང་བྱུང་ཆེན་མོ་དང་གཅིག་ཏུ་འདྲེས་པའི་སྣང་བ་ཞིག་ངམ་ཤུགས་སུ་བྱུང་བ་དང་། བློ་ཁོག་ཀྱང་དེ་བས་ཡངས་ཤིང་བག་ཕེབས་པོར་ཕྱིན་ནས་ཐང་གའི་འབྲི་རྩལ་ལ་སྔར་མེད་ཀྱི་གོ་རྟོགས་གསར་པ་སྐྱེས་པ་དང་ལྷན་ཐང་གའི་འབྲི་རྩལ་ཡང་ཡར་ངོའི་ཟླ་བཞིན་གོང་འཕེལ་སོང་ཞིང་། མཐར་ཐང་ག་གང་བྲིས་དགེ་རྒན་ཚེ་དབང་གི་ཐུགས་ལ་བབ་པ་དང་བསྟོད་པ་ཡང་དུ་མ་ཐོབ། དེ་ནས་ལོ་གཉིས་རིང་ལྷ་རིས་མཛེས་རྩལ་ལ་འབད་འབུངས་མཐར་ཕྱིན་བྱས་རྗེས། སློབ་མཐར་ཕྱིན་པ་དང་ཡུལ་དེ་གའི་ཀརྨ་སྒར་བྲིས་དང་སྨན་གསར་ཐང་ག་འབྲི་ལུགས་ལ་ཆ་རྒྱུས་ཡོད་པའི་ལྷ་རིས་མིང་གྲགས་ཅན་ཞིག་ཏུ་གྱུར། དེ་ནས་ཁོང་གིས་ཁྱད་འཕགས་ཀྱི་མཉམ་འདྲེས་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་ཀརྨ་སྒར་བྲིས་ལུགས་དང་སྨན་གསར་ཐང་གའི་ལུགས་གཉིས་ཀྱི་ལེགས་ཆ་ཁྱད་པར་བ་གཞི་གཅིག་ཏུ་འདུས་པའི་ཀ་སྨན་ཐང་གའི་ལུགས་གསར་དུ་གཏོད་པའི་ལམ་དུ་ཞུགས། ཚེ་འཕེལ་གྱིས་ནམ་ཡང་ཐང་ག་ལ་བརྩི་བཀུར་དང་དགའ་ཞེན་ལྷད་མེད་བྱེད་ཀྱིན་ཡོད་ལ། ཁོང་གིས་བྲིས་བཞེངས་གནང་བའི་ཐང་ག་དག་ལ་ཚེ་སྲོག་གི་རྒྱུ་བ་ཡོད་པ་ལྟར་གསོན་ཉམས་དོད་པོ་ཏག་ཏག་རེད། ཀ་སྨན་ཐང་གའི་བརྩམས་ཆོས་ཁག་རིན་ཐང་ཆེ་ཞིང་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འགུགས་པ་དང་། ཁོང་གིས་གསར་དུ་བཏོད་པའི་ཀ་སྨན་ཐང་ག་འབྲི་ལུགས་དེ་དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།

དགེ་ཕྲུག་མང་པོ་བསྐྱངས་ཏེ་མི་ཚེའི་

རིན་ཐང་མངོན་པར་བྱས།

1983ལོ་ནས་བཟུང་། ཚེ་འཕེལ་གྱིས་སློབ་མ་བསྡུ་འགོ་བཙུགས། དེ་ལོར་ཚེ་འཕེལ་རྫོང་གསར་དགོན་པས་གདན་དྲངས་ནས་དགོན་པའི་གྱང་རིས་སླར་གསོའི་འགན་བཞེས། སླར་གསོ་ལས་ཀ་ཧ་ཅང་དཀའ་ཚེགས་ཆེ་བས་ཁོང་གིས་རི་མོ་འབྲི་པའི་ལྷན་སྐྱེས་ཀྱི་ཤེས་རབ་དང་རྨང་གཞི་ཡོད་ཅིང་། སྦྱོང་འདོད་ཡོད་པའི་ཡུལ་མི་ལོ་ཆུང12བཙལ་ནས་ཉིན་མཚན་ལྟོས་མེད་ངང་སློབ་ཞོར་དང་། སྦྱོང་ཞོར། འབྲི་ཞོར་གྱི་སྲོལ་རྒྱུན་འཁྱོངས་པར་བརྟེན། དགོན་པའི་གྱང་ངོས་ཐང་ག་སླར་གསོའི་ལས་ཀ་ཕུན་སུམ་ཚོགས་པའི་ངང་གྲུབ་པས་མ་ཚད། དགེ་ཕྲུག་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་དང་། ལས་ཞུགས་ནུས་པ་ཆེ་རུ་ཕྱིན་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བར་རོགས་རམ་བྱས་པ་རེད། 2017ལོར་སྡེ་དགེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་འོག། དབུལ་སྐྱོར་གྱི་བྱེད་སྟངས་ཐོག་ནས་སྨད་ཤོད་ལ་བཟོ་གྲྭ་མང་པོ་བཙུགས་པའི་ཁྲོད་ཚེ་འཕེལ་གྱི་ཀ་སྨན་ཐང་ག་བཟོ་གྲྭ་ཡང་དེ་གར་བཙུགས་ཡོད། 2019ལོ་ནས་བཟུང་ཚེ་འཕེལ་དགེ་རྒན་དུ་བསྟེན་མཁན་སློབ་མ་ཇེ་མང་དུ་ཕྱིན། ཁོང་གིས་ཐག་ཉེ་རིང་དང་དབུལ་ཕྱུག་ལ་མི་བལྟོས་པར་འཁྲིས་སུ་སློབ་སྦྱོང་བྱེད་སར་ཡོང་མཁན་དགེ་ཕྲུག་ཚང་མར་ཉིན་རེའི་འཚོ་བའི་གྲོན་དངུལ་སྒོར10མ་གཏོགས་སློབ་རིན་མི་དགོས་པ་ཐང་གའི་འབྲི་རྩལ་འཁྲིད་ཀྱིན་ཡོད་པ་རེད། 2024ལོར་སློབ་མ40ཚེ་འཕེལ་གྱི་དྲུང་ནས་ཐང་ག་བྲིས་བཞེངས་སྦྱོང་བཞིན་ཡོད། ཁོང་གིས་ཐང་གའི་སྒྱུ་རྩལ་བརྒྱུད་འཛིན་བྱས་ནས་མི་དེ་བས་མང་བར་ལག་རྩལ་སྣ་གཅིག་བྱང་ཐུབ་པའི་རེ་བ་ཆེན་པོ་བཅངས། 1983ལོ་ནས་ད་བར་ཁོང་གིས་དབུལ་ཕོངས་ཡུལ་མི་དང་དབང་པོ་སྐྱོན་ཅན། མི་རིགས་ཁག་གི་མང་ཚོགས་ཁྱོན་བསྡོམས400ལྷག་ཐང་གའི་ལག་ཤེས་མཁས་པར་བསྐྱངས་ཡོད། ཁོང་གི་སློབ་མ་བོད་འབྲེལ་ས་ཁུལ་ཕུད། ད་དུང་རྒྱལ་ནང་གི་ཧུའུ་ནན་དང་ཀོང་ཏུང་། ཁྲེང་ཏུའུ་སོགས་ས་གནས་ལ་ཁྱབ་པ་དང་། ཕྱི་རྒྱལ་སིང་ཀ་ཕོར་སོགས་རྒྱལ་ཁབ་ལའང་སློབ་མ་ཡོད། སློབ་མགོ་ཐོན་རྗེས་སློབ་མའི་སྐད་གྲགས་ཆེ་རུ་ཕྱིན་པར་མ་ཟད། ད་དུང་མི་ཉུང་བ་ཞིག་དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པར་གྱུར་ཡོད་པ་རེད།

ཚེ་འཕེལ་རྒྱལ་ཡོངས་སུ་སྐད་གྲགས་ཇེ་ཆེ་རུ་ཕྱིན་པ་དང་བསྟུན་ནས། པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་གྱི་ཚོང་པས་ཁོང་ལ་མཉམ་ལས་ཀྱི་རེ་བ་བཅོལ་ཡང་ཁོང་གིས་དང་ལེན་བྱས་མེད། གཞན་ཡང་པེ་ཅིང་གི་སློབ་གྲྭ་ཆེན་མོ་ཞིག་གིས་དགེ་རྒན་དུ་གདན་དྲངས་ནའང་ཁོང་གིས་འདི་གར་ཡོང་སྒོ་ཆུང་ན་ཡང་ཡུལ་མི་གཙོས་མི་དེ་བས་མང་པོར་རོགས་རམ་བྱ་ཐུབ་སྙམ་ནས་མ་འགྲོ་བ་རེད།།

སྲོལ་རྒྱུན་ལག་རྩལ་བརྒྱུད་འཛིན་ཁྲོད་

སྟོབས་ཤུགས་རབ་ཏུ་འཕེལ།

ཀ་སྨན་ཐང་ག་བྲིས་རྩལ་རྒྱུན་ཆད་མེད་པར་བརྒྱུད་འཛིན་ཁྲོད་གོང་འཕེལ་ཆེས་ཆེར་སོང་། སློབ་མགོ་ཐོན་རྗེས་ཚེ་འཕེལ་གྱིས་ལག་རྩལ་བརྒྱུད་འཛིན་བྱས་པ་ནི་དྲིན་ཆེན་དགེ་རྒན་ལགས་ཀྱིས་བསྐྱངས་པའི་དྲིན་གཟོ་པ་ཡིན་སྙམ་ནས་རང་ནུས་ཅི་ལྕོགས་ཀྱིས་དགེ་ཕྲུག་དེ་བས་མང་པོ་བསྐྱངས། ཚེ་འཕེལ་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་གསོ་སྐྱོང་གནང་འོག་ད་ལོར་ལོ་ན35ལ་སོན་པའི་བུ་ཆེ་བ་འགྱུར་མེད་ནམ་མཁའ་ཡང་ལྷ་འབྲི་བ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཡོད། འགྱུར་མེད་ནམ་མཁའ་ནི་ཀ་སྨན་ཐང་ག་དང་འགྲོགས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། སྔོན་རྗེས་སུ་དཀར་མཛེས་ཁུལ་གྱི་ཡུལ་མི་འཇོན་ལྡན་མི་སྣ་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་དང་པོར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེན་མོ་བའི་རྩེར་སོན་བརྩམས་ཆོས་འགྲེམས་སྟོན་སྐབས་བཅུ་དགུ་པར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། གཞན་ཡང་དཀར་མཛེས་ཁུལ་ཁམས་ཀྱི་ཁྱད་འཕགས་ལག་ཤེས་པ་དང་ཁམས་ཀྱི་རིག་གནས་བརྒྱུད་འཛིན་ཕོ་ཉ། དཀར་མཛེས་ཁུལ་ཁམས་ཀྱི་ལག་རྩལ་མཁས་ཅན་ཆེན་པོ་བཅུ། སི་ཁྲོན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་མཁས་ཅན་སོགས་ཀྱི་མཚན་སྙན་ཡང་ཐོབ་ཡོད།

སྲོལ་རྒྱུན་ལག་རྩལ་བརྒྱུད་འཛིན་དང་གསར་གཏོད་ཐད་ལ་འགྱུར་མེད་ནམ་མཁའ་རང་ལ་དམིགས་བསལ་གྱི་ལྟ་བ་ཞིག་ཡོད། ཁོར་གསར་གཏོད་དེ་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན་པར་ངོས་འཛིན་ཟབ་མོ་བྱུང་། འབྱུང་འགྱུར་གྱི་ཁ་ཕྱོགས་སྐོར་གླེང་བའི་ཚེ་འགྱུར་མེད་ནམ་མཁའ་ཡིས་ངས་ཕ་ཚེ་འཕེལ་ལ་སློབ་སྦྱོང་བྱས་ནས་ཀ་སྨན་ཐང་ག་བརྒྱུད་འཛིན་དང་གསར་གཏོད་ཀྱི་ལས་ལ་མུ་མཐུད་བརྩོན་པ་དང་མཉམ་དུ་མི་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཕ་ཤུལ་བུས་འཛིན་དང་དགེ་ཤུལ་སློབ་འཛིན་གྱི་དར་སྲོལ་ངམ་ཤུགས་སུ་ཆགས་པར་བརྟེན་ཚེ་འཕེལ་གྱི་སེམས་ལ་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་ཁེངས། བརྒྱུད་འཛིན་གྱི་ཁྱུང་ཆེན་གངས་ཅན་མཐོ་སྒང་ནས་འཕུར་ཏེ་འཛམ་གླིང་གི་མཁའ་དབྱིངས་སུ་ནམ་འཕང་གཅད་ཐུབ་པར་ཁོང་ལ་ཡིད་ཆེས་བརྟན་པོར་ཡོད།

བོད་རིག་གནས་ཀྱི་ཕུན་སུམ་ཚོགས་པོའི་ཤེས་དཔལ་འཕེལ་རིམ་ཁྲོད་ཚེ་འཕེལ་གྱིས་ཀ་སྨན་ཐང་གའི་མ་ནུབ་པའི་རྒྱལ་མཚན་ཞིག་བསྒྲེངས་ཡོད་ལ། མི་ཚེ་ཧྲིལ་པོ་ཐང་ག་བྲིས་བཞེངས་དང་འགྲོགས་ནས་མཛུབ་མོའི་རྩེ་ནས་མི་ཚེའི་ཕུགས་འདུན་གྲུབ་པར་བྱས་སོ།། (ཚེ་རིང་ལྷ་འཛོམས་ཀྱིས་བྲིས།)