སྐྱིད་ཆུ་ནི་ལྷ་ས་གྲོང་ཁྱེར་གྱི་མདུན་ངོས་སུ་གཡས་བསྐོར་གྱིས་འབབ་པའི་གཙང་ཆུའི་མིང་ཡིན། ཆུ་འདིའི་ཆུ་འགོ་ནི། གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་གཏོགས་པའི་ལྷ་རི་རྫོང་གི་སྨི་ཏི་ཁ་ཆུས་ཀྱི་ཕུར་ཡོད་པའི་མཚོ་ལ་ཐུག་ཅིང་། ཆུ་མཇུག་ནི་ལྷ་སའི་སྨད་རྒྱུད་ཆུ་ཤུལ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གཙང་ཕྱོགས་ནས་འབབ་པའི་ཆུ་དང་འདྲེས་ཏེ་ཡར་ཀླུང་གཙང་པོ་དང་མཉམ་དུ་འབབ་པ་ཞིག་ཡིན། སྐྱིད་ཆུ་འདིའི་ཆུ་འགོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ནུབ་ངོས་ནས་བརྩམས་ཏེ་ལྷ་རི་མགོ་དང་། ནག་ཆུ། འདམ་གཞུང་། ལྷུན་གྲུབ། མལ་གྲོ་གུང་དཀར། སྟག་རྩེ། ལྷ་ས་གྲོང་ཁྱེར། སྟོད་ལུང་བདེ་ཆེན། ཆུ་ཤུལ་བཅས་རྫོང་དགུ་དང་། གྲོང་ཁྱེར་གཅིག་བཅས་ཀྱི་ས་ཁུལ་དུ་འགྲོ་བ་དང་། ཆུ་རྒྱུན་ནི་སྨི་ཏི་གཙང་པོ་དང་། གསེབ་རོང་གཙང་པོ། འདམ་ཆུ། རྭ་སྒྲེང་གཙང་པོ། འབྲི་གུང་གཙང་པོ། ལྷ་ཆུ། བཟང་ཆུ། ཡུལ་ངན་ཆུ། མལ་གྲོ་མ་ཆུ། སྟོད་ལུང་ཆུ་སོགས་ཆུ་རྒྱུན་ཆེ་ཆུང་སྣ་ཚོགས་འདྲེས་པ་ལས་བྱུང་ཞིང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ༥༨༨དང་། ཞེང་ཚད་ཆེ་སར་ཤར་ནུབ་བར་དུ་སྤྱི་ལེ༣༡༥དང་། ལྷོ་བྱང་བར་དུ་ཞེང་ཚད་སྤྱི་ལེ༢༡༨དང་། ཆུའི་བཞུར་ཚད་ཆེ་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ༢༣༧དང་བཞུར་ཚད་ཆུང་ཤོས་ལ་སྐར་ཆ་རེར་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ༡༢༠ཡིན། ཆུ་རྒྱུན་འདུས་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༡༥༠ལྷག་དང་། ཆུའི་མཐོ་ཚད་ཐད་ཆུ་འགོའི་རྒྱུད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ༥༡༥༠དང་། ཡར་ཀླུང་གཙང་པོར་འདྲེས་མཚམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ༣༥༧༠ཡོད་པས་སྐྱིད་ཆུ་ནི་ཡར་ཀླུང་གཙང་པོའི་ཡན་ལག་ཆུ་རྒྱུན་རིང་ཤོས་ཀྱི་གྲས་ཤིག་ཡིན།
( དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས། )