(པར་ངོས་དང་པོར་མཐུད།)
ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དེས་མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་མོ་སྒྲུབ་པ་དང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་བསྲུང་བྱ་གལ་ཆེན་བཏོན་གནང་ཡོད། དཀར་མཛེས་ཁུལ་གྱིས་བོད་བརྟན་ཁམས་བདེར་ཡོང་བ་དང་མཐའ་འཁོར་གྱི་འཐབ་ཇུས་གནད་ས་གལ་ཆེན་བདག་གཉེར་དང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པ་གཙོ་ཕྱོགས་སུ་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་མུ་མཐུད་དེ་མཐར་ཕྱིན་གཏོང་བ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར། དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་འཚོ་སྐྱོང་དམའ་སྐྱོར་སོགས་ཀྱི་ལམ་སྲོལ་ནུས་པར་བརྟེན་ནས་མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་མཐར་ཕྱིན་སྤེལ་ནས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།
ཚོགས་འདུར་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྒྲགས་ཏེ་སྦྱངས་པ་རེད། གྲོས་ཚོགས་སུ་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་འགོད་སྙིང་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བསྒྱུར་བཅོས་བཀོད་སྒྲིག་ལྟར་གཙོ་གནད་ཁྱབ་ཁོངས་དང་འགག་རྩ་ཐུག་སའི་བསྒྱུར་བཅོས་འགག་སྒྲོལ་ལ་ཤུགས་བསྣན་ཏེ། གཞི་རིམ་མཁོ་ཚོང་ཁང་གི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་ནས་མཁོ་ཚོང་མཉམ་ལས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་དགོས། “ཞིང་གསུམ་”ལ་ཞབས་འདེགས་ཞུ་བ་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བའི་འགོ་ཚུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པ་བྱས་ནས་ལེགས་ཆ་ལ་གཞི་ཚུགས་པ་དང་འཚོལ་ཞིབ་ཧུར་ཐག་བྱེད་པ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ། ཞབས་ཞུའི་བྱེད་སྟངས་གསར་དུ་གཏོད་པ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཁག་གིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་དམ་འཛིན་ཏན་ཏིག་བྱས་ཏེ། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། ཞིང་ལས་ཐོན་རྫས་འཁོར་རྒྱུག། བསྐྱར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་སོགས་གཙོ་གནད་ལས་དོན་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས། མཁོ་ཚོང་མཉམ་ལས་ཁང་གིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་མགྱོགས་སུ་བཏང་ནས་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བར་ཞབས་འདེགས་ཞུ་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་བའི་ཕྱོགས་བསྡུས་སྟེགས་བུ་ཞིག་བསྐྲུན་དགོས།
ཚོགས་འདུར་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུར་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)