ངས་སྔོན་དུ་བལྟ་ཕོད་མ་བྱུང་། དེ་དག་ནི་ན་སོ་རྒན་པོའི་རྐང་རྗེས་དང་སྐྲ་ལོ་མེ་ཏོག་ལྟར་བཞད་པའི་བྱམས་ལྡན་ཕ་མའི་འདས་དོན་གྱི་རི་མོ་ཁོ་ན་རེད།
ཆུ་མོ་མར་འགྲོ་ཤིག་ཤིག། ཡར་འོང་ཡིན་ན་བསམ་བྱུང་། སེམས་པའི་ཁྲོད་ཀྱི་མི་དེའི་ལུས་གཟུགས་རྒས་ནས་འབྲས་ལྡན་ལྗོན་ཤིང་གི་ཡལ་ག་གུག་པ་དང་འདྲ་ལ། གོམ་པ་ཤུགས་ཀྱིས་མདུན་དུ་སྤོས་འདོད་ཡོད་ནའང་ག་ཚད་སྤོས་ཀྱང་འགྲོ་མ་ཐུབ་པས་སྔ་ཡོད་ཀྱི་གནས་དེ་རུ་ལུས་བཞིན་བསྡད།
ཕྱི་རོལ་ཡུལ་དུ་ཁ་བ་ལྷབ་ལྷུབ་བབས་ནས་ཉི་འོད་འོག་ཏུ་ག་སོང་ཆ་མེད་དུ་འགྱུར་བ་དང་ཁྱིམ་གྱི་ཐབ་ཀ་རུ་མེ་སྟག་ཚག་ཚག་མཆེད་པ་དེ་ནི་འཇིག་རྟེན་མི་རྟག་གིས་ལོ་ན་སོང་བའི་བགྲེས་པོ་ལ་སྔོན་བརྡ་གཏོང་བཞིན་པའི་མི་དེ་དག་ནི་ང་ཚོའི་ཕ་མ་མ་ཡིན་ནམ། གྲང་གིས་འཇིགས་པ་ལས་པུས་མོ་གཉིས་ལྕགས་ལྟར་སྲ་བའི་རྒན་པོ་དེ་དག་ནི་ང་ཚོའི་ཕ་མ་མ་ཡིན་ནམ། འཇིག་རྟེན་མི་རྟག་གི་སྒོ་ཁ་རུ་བསླེབ་ལ་ཉེ་བའི་མི་དེ་དག་ནི་ང་ཚོའི་ཕ་མ་མ་ཡིན་ནམ། འཆི་བདག་གི་ལམ་ཁ་ལ་འགྲོ་ཞོར་དུ་བུ་སྲིང་ལ་སེམས་ཁྲལ་ཤོར་བའི་མི་དེ་དག་ནི་ང་ཚོའི་ཕ་མ་མ་ཡིན་ནམ། རང་ཉིད་ཀྱི་མི་ཚེ་ལ་རྫོགས་ཚིག་བྲིས་རན་ནའང་བུ་སྲིང་ལ་རེ་བའི་སྨོན་འདུན་གྱི་སྐྱབས་འཇུག་ཞུ་མཁན་གྱི་མི་དེ་ནི་ང་ཚོའི་ཕ་མ་མ་ཡིན་ནམ།
སྐབས་རེ་བསིལ་རླུང་ལྡང་ལ། སྐབས་རེ་ཚ་རླུང་ལྡང་བའི་འཇིག་རྟེན་གྱི་མི་ཚེ་ལ་སྐྱོ་སྡུག་གི་མཆི་མ་དང་དཀའ་ཆད་ཀྱི་རྔུལ་ཆུ་ལས་གྲུབ་པ་ཅི་ལ་མིན། སྡུག་བསྔལ་གྱི་མེ་ཏོག་བཞད་ནས་དྲི་ངད་རླུང་གིས་ཁུར། བདེ་སྐྱིད་དང་མ་འོངས་ལ་སྨོན་ནས་བུ་སྲིང་པང་ཁུག་ཏུ་གཅེས། དུས་མཐར་དུང་སོ་ཐང་ལ་ལྷུང་། སྐྲ་ལོ་མེ་ཏོག་ལྟར་བཞད་པའི་དུས་སུ་ཁྱིམ་གྱི་མདུན་རྒྱབ་བར་གསུམ་ན་རང་དང་ཐག་ཉེ་བ་ནི་ལག་ཐོག་གི་ཕྲེང་བ་དང་ལག་འཁོར་གཉིས་དེ་རེད་ཡོད་པ་སྣང་དུས་མིག་མཐའ་རུ་མཆི་མའི་ལྕགས་རིས་བསྐོར།
རླུང་བུ་ཆད་མེད་སྔར་ལྟར་ས་གཞི་ལ་ལྡང་རྒྱུ་ཡོད་པ་ནི་ང་ཚོ་ཀུན་གྱིས་ཤེས། གློ་བུར་དུ་ལྡང་ནས་ལོ་མ་ཐང་ལ་ལྷུང་སྟེ་འཇིགས་པ་བྱུང་བ་སུ་ཡིས་ཤེས། གཉིད་དུ་སོང་ནས་ནམ་སད་ཡོང་མིན་སུ་ཡིས་ཤེས། གཉིད་ལས་སད་ཡོད་པའི་ང་ཚོ་བུ་སྲིང་ཚོས་ཕ་མ་ཚོའི་རྨི་ལམ་གྱི་རི་མོ་དང་ཁེར་རྐྱང་སྐྱོ་སྡུག་གི་འཇིགས་པ་སུ་ཡིས་ཤེས། བསམ་བློ་ནན་དུ་ཁེལ་བ་ཞིག་གཏོང་དུས་ཕ་མ་དང་ང་ཚོའི་བར་ཐག་རིང་སོང་བའི་རྐྱེན་གྱིས་མ་ཡིན་ནམ།
དེའི་ཕྱིར། དེ་ཡིན་པས། ངས་ངའི་མིག་ཟུང་སྔོན་ནས་ལྟ་མ་ཕོད་པར་ལུས། ད་དུང་ངས་དྲན་མི་ཕོད་གི། སང་ཉིན་དང་རྐྱེན་ངན་གཉིས་སུ་སྔོན་ལ་སླེབ་ཡོང་བ་མ་ཤེས་ནས་གཉིད་སད་མི་ཕོད་ལ། གཉིད་ཀྱང་མི་ཕོད་པའི་ལུང་པའི་ཁ་བྱང་དུ་ལྷུང་།།
༼ འབའ་ར་འབྱུང་ཆོས། ༽