( པར་ངོས་དང་པོར་མཐུད།)ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལོ་གཅིག་རིང་ཚང་མས་རང་གི་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། སྲིད་ཞུགས་དང་སྲིད་གྲོས་ཧུར་ཐག་བྱས་ནས་དཀར་མཛེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་བར་སྐུལ་འདེད་དང་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་འདས་མ་ཐག་པའི་ལོ་གཅིག་ནི་རང་ཁུལ་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ་ཧ་ཅང་དཀའ་བའི་ལོ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག་དཔལ་འབྱོར་འཁོར་སྐྱོད་བརྟན་
པོ་ཡོང་བའི་ཁྲོད་ཡར་རྒྱས་བྱུང་བ་དང་། བསྒྱུར་བཅོས་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། གྲོང་ཁྱེར་དང་ཡུལ་སྡེ་འཕེལ་རྒྱས་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་དང་། དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་བཅས་རེད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ལ། ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
ཧྲེན་དབྱང་གིས་བསྟན་གནང་དོན། ད་ལོ་ནི་དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མཇུག་བསྒྲིལ་བའི་ལོ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་འཆར་འགོད་བྱེད་པའི་ལོ་ཡིན་ལ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ཁུལ་ཚོགས་ཆེན་གཉིས་ལེགས་པར་འཚོག་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཐུས་མི་དང་ཨུ་ཡོན་རྣམ་པས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་དང་རེ་སྒུག་ཆེན་པོ་ཕྲག་ཏུ་ཁུར་ཡོད་པས་ཚང་མས་སྙན་སེང་ཁག་ལ་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དང་བསམ་པའི་འཁྱེར་སོ་བཟང་པོར་བརྟེན་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བསམ་འཆར་དང་གྲོས་འགོ་རྩ་ཆེན་མང་ཙམ་འདོན་པའི་རེ་བ་ཡོད། ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་ཁྲིམས་བརྩི་སྲུང་ནན་པོ་དང་། འོས་འགན་ནན་ཏན་གྱིས་བསྒྲུབ་པ། འདེམས་བསྐོའི་དབང་ཆ་དང་། ལྟ་སྐུལ་དབང་ཆ། འདེམས་ཤོག་འཕེན་དབང་བཅས་ཡང་དག་པར་སྤྱོད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དར་སྲོལ་བཟང་པོ་བསྐྱངས་ནས་ཉམས་འགྱུར་གསར་པ་མངོན་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཚོགས་ཆེན་གཉིས་ཀྱི་ལས་འགན་ཁག་ལེགས་འགྲུབ་བྱས་ཏེ་ཚོགས་ཆེན་གྱི་འཚོགས་སྲོལ་གཙང་མ་དང་། ལས་ཆོད་ཆེ་ཞིང་དོན་དངོས་གཉེར་བ། ལེགས་འགྲུབ་ཕུན་སུམ་ཚོགས་པོ་ཡོང་བ་བཅས་འགན་ལེན་བྱ་དགོས།
འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་པོར་འགྱུར་བ་མ་བཏང་སྟེ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་སྒྲིག་ཁྲིམས་ཁག་ནན་སྲུང་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་འཚོགས་ནས་ཤུགས་གང་ཡོད་ཀྱིས་ཐབས་ཇུས་བཟང་པོ་དང་བྱེད་ཐབས་དངོས་བཏོན་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སླར་ཡང་བྱས་རྗེས་གསར་པ་གཞག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
( ཡེ་ཤེས་དང་སྐལ་བཟང་། ཨོ་རྒྱན་བཅས་ཀྱིས་བྲིས།)