( པར་ངོས་དང་པོར་མཐུད།)ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་གྱི་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་བ་དང་། ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔའི”སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། “དཔལ་འབྱོར་འགྲན་གཉེར་དང་སྔོན་འགོག་གཉིས། འགན་སྲུང་གསུམ”གྱི་རྒྱུན་ལྡན་ལས་དོན་གཙོ་བོར་གཅིག་གྱུར་འཆར་འགོད་བྱས་ཏེ། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཅུང་ལེགས་པའི་སྒོ་ནས་བསྒྲུབས་ཐུབ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་པར་གོམ་སྟབས་གསར་པ་སྤོས་ཐུབ་ཡོད་ཅེས་གསུངས་པ་རེད།
སྙན་སེང་ནང་བསྟན་དོན། ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོར་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བླང་བྱ་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་དང་གནད་སྨིན། ཆ་ཚང་བ་བཅས་ཀྱི་སྒོ་ནས་་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཧུར་ཐག་ཞུགས་ཤིང་ཞབས་འདེགས་ཞུ་བ། ཁུལ་ཨུའི་གཅིག་གཉིས་གསུམ་བཞི་ལྔའི་སྤྱིའི་ལས་དོན་གྱི་བཀོད་སྒྲིག་ལྟར། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་རྩོམ་ས་དང་དོན་ལ་བབ་སར་བྱེད་པ། “འགན་འཁྲི་གསུམ”ལག་ལེན་ནན་ཏིག་བསྟར་བ། “དོན་ཆེན་གསུམ”ཇེ་ཆེར་ཇེ་རྒྱས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་ཅིང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བ། ནང་མཁོ་རྒྱ་སྐྱེད་ལ་དེ་བས་མཐོང་ཆེན་དང་ཐོན་ལས་འདེགས་སྐྱོར་ལ་དེ་བས་མཐོང་ཆེན། བསྒྱུར་བཅོས་སྒོ་འབྱེད་ལ་དེ་བས་མཐོང་ཆེན། མཐུན་སྦྱོར་འཕེལ་རྒྱས་ལ་དེ་བས་མཐོང་ཆེན། དམངས་འཚོ་ལེགས་བཅོས་ལ་དེ་བས་མཐོང་ཆེན། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ཡར་འཕར་བཟང་ཕྱོགས་སུ་སྐུལ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཧུར་ཐག་ངང་སྒྲུབ་པ་བཅས་ཀྱི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོར་འདིང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་དགོས།
སྙན་སེང་དུ་བསྟན་དོན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ6.0འཕར་བ་དང་། བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ7.5འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་བརྒྱ་ཆ6.0འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ7.0འཕར་བ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་བརྒྱ་ཆ6.0འཕར་བ། གྲོང་ཡུལ་གཞིས་མིའི་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ4.5དང་བརྒྱ་ཆ6.0སོ་སོར་འཕར་བ། གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་ཞིབ་བརྒྱ་ཆ5.5ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ།
ཧྥུང་ཧྥ་ཀུའེ་ཡིས་ཕྱོགས་དྲུག་གི་ཐད་ནས2025ལོའི་ལས་དོན་བཀོད་སྒྲིག་གི་གྲོས་འགོ་བཏོན་པ་སྟེ། གཅིག་ནི་ཤུགས་ཡོད་རྒུས་བསྡུར་ལྡན་དགེ་མཚན་ཤུགས་ཆེན་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་མ་ལག་ཏུ་མཉམ་འདྲེས་བྱ་དགོས་པ་སྟེ། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་དགོས་པ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་པ་དང་། ནོར་ཁྲལ་དང་དངུལ་རྩ། གཞུང་ཁོངས་ཁེ་ལས་དང་། ཞིང་ལས་དང་ཞིང་སྡེ། ཚན་སློབ་དང་རིག་གནས་འཕྲོད་བསྟེན། སྐྱེ་ཁམས་དཔལ་ཡོན། བདེ་འཇགས་འཚུབ་བསྟུན། གྲོང་ཡུལ་མཉམ་འདྲེས། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏང་བར་གཅིག་གྱུར་འཆར་འགོད་བྱ་དགོས། ནང་མཁོའི་མི་མངོན་པའི་གཏིང་ཤུགས་བསྔོགས་ནས་གཏང་དགོས། སྤུས་ཚད་མཐོན་པོའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་ལེགས་པར་འགྲུབ་རྒྱུ་དང་། ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་ཚན200འཛུགས་སྐྲུན་བྱ་རྒྱུ་དང་། དམངས་གཉེར་དཔལ་འབྱོར་གྱི་དོན་ཚན 10ལག་ལེན་མཐར་ཕྱིན་བསྟར་བ། སྒེར་གཉེར་བཟོ་ཚོང་དུད་ཚང60ཁེ་ལས་ལ་བསྒྱུར་བ་དང་། གཞི་ཁྱོན་ཚད་གཞིར་སླེབས་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས3དང་། བཅད་གྲངས་ཡན་གྱི་ཚོང་ལས་ཉོ་ཚོང་སྡེ་ཚན23 བཅས་གསར་དུ་འཕར་བ་བྱ་དགོས། རིག་གནས་ཡུལ་སྐོར་གྱི་སྤུས་རིམ་སྤར་དགོས། མིག་ཕྱེ་བ་ན་ཡོད་ཚད་མཛེས་ལྗོངས་དང་མིག་བཙུམས་པ་ན་བཀྲ་ཤིས་དཔལ་གྱིས་གང་བ་ཞེས་པར་དམིགས་ནས། “སྐོར་ལམ་བཅུ་གཅིག་དང་གཙོ་ལམ་བཅུ”ཡི་ཡུལ་སྐོར་ལམ་ཕྱོགས་སྤུས་དག་བཟོ་དགོས། ཀྲུང་གོ་དཀར་མཛེས་རི་བོ་གངས་དཀར་སྐོར་བའི་སྤྱི་ལེ་བརྒྱའི་རྒྱལ་སྤྱིའི་རི་ཀླུང་ཕྱི་རོལ་ལུས་རྩལ་འགྲན་སློང་འགྲན་སྡུར་གཉེར་བ་དང་། སི་ཁྲོན་རིའི་རྒྱལ་པོ། རི་བོ་གངས་དཀར་ཞལ་སྟོང་ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོག་པ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་མོ་འདུ་ཚོགས་དང་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་(གངས་དཀར་སྒྱུ་རྩལ་དུས་ཆེན)སོགས་འདུ་ཚོགས་དང་དུས་ཆེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི4300ཡན་ལ་སྣེ་ལེན་བྱ་ཐུབ་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར470ཡན་རག་གང་ཐུབ་བྱ་དགོས། ནུས་རྒྱུ་གཙང་མ་རྒྱ་སྐྱེད་འབོར་འཕར་ཡོང་བར་བྱ་དགོས། རི་མཛེས་ཆུ་དྭངས་ཡུལ་ལྗོངས་ཡག་པར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་མཉམ་ལས་འཕེལ་རྒྱས་གཏོང་ཡུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་རྒྱུ་གཙང་མ་གསར་སྤེལ་དང་གློག་དྲྭར་མ་འཇོག་སྒོར་དུང་ཕྱུར150ལེགས་གྲུབ་གང་ཐུབ་བྱ་རྒྱུ་དང་། ནུས་རྒྱུ་གཙང་མ་འཕྲུལ་འདོན་གློག་ཚད་སྟོང་ཝོལ་ཁྲི309དང་གློག་ཤུགས་ཕྱིར་སྐྱེལ་ནུས་པ་སྟོང་ཝོལ་ཁྲི800གསར་དུ་འཕར་བར་བྱ་དགོས། ཞིང་ལས་ཁྱད་ཆོས་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དང་སྤུས་ཚད་སྤར་བ་བཅས་བྱ་དགོས། དུས་ཚིགས་གཅིག་ཤོར་བ་ཡིན་ན་རྗེས་དྲན་ལོ་གཅིག་བྱ་དགོས་ཞེས་པར་དམིགས་ནས། ལྷད་མེད་སྐྱེ་ལྡན་ཐོན་ལས་ཁྱུ་ཚོགས་བསྐྲུན་པ་དང་། དཀར་མཛེས་ཁུལ་གྱི་ཚད་གཞི་བཟོ་བ་དང་དཀར་མཛེས་ཁུལ་གྱི་གྲགས་རྟགས་གཏོད་པ། སྐྱེ་ལྡན་ཐོན་རྫས་ཀྱི་མིང་གྲགས་ཆོད་ཚད་དང་མཚན་སྙན་དར་ཚད། འགྲན་རྩོད་ནུས་པ་བཅས་ཆེ་རུ་གཏང་དགོས། རྒུན་ཆང་དང་ནོར་གནག་སོགས་ས་གནས་ཀྱི་ཚད་གཞི5ཞིབ་འཇུག་དང་གཏན་ལ་དབབ་རྒྱུ་དང་། ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག་གི་ཞིང་ལས་ཐོན་རྫས30ཡན་གསར་དུ་དཔང་གཅོད་བྱ་རྒྱུ། ལྷད་མེད་སྐྱེ་ལྡན་དཔང་ཡིག30གསར་སྣོན་བྱ་དགོས། གཉིས་ནི་རིག་གནས་འཛུགས་སྤེལ་ལ་དམིགས་ནས་དམངས་ཡོངས་ཀྱིས་མཉམ་དུ་བསམ་པའི་ཁྱིམ་གཞིས་འཛུགས་པར་བསྐུལ་དགོས་པ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས་པ་དང་། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་དགོས། རིག་གནས་མཁོ་སྤྲོད་མ་ལག་སྤུས་ཚད་མཐོན་པོར་མགྱོགས་མྱུར་བསྐྲུན་དགོས། རེས་སྐོར་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་དུ་འཛུགས་པར་དམ་འཛིན་བྱེད་ཅིང་། མི་རིགས་ཁག་གི་གཞོན་ནུ་དང་ལོ་ཆུང་སྤེལ་རེས་དང་། མི་རིགས་ཁག་གི་མང་ཚོགས་ ཕན་ཚུན་འདྲེས་ཞུགས་ཅན་གྱི་འཕེལ་རྒྱས། ཡུལ་སྐོར་གྱིས་མི་རིགས་ཁག་ འགྲོ་འོང་སྤེལ་རེས། མཉམ་འདྲེས་ཡོང་བ་བཅས་ཀྱི་“འཆར་གཞི་གསུམ་”ལ་ལག་ལེན་མཐར་ཕྱིན་བསྟར་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་ལས་ཚན5འཛུགས་སྐྲུན་བྱ་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དགོན་སྡེར་སྤེལ་བའི་ལག་ལེན་བྱེད་སྒོ་ཟབ་ཏུ་སྤེལ་དགོས། གསུམ་ནི་སྤྱི་ཚོགས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་བསྐུལ་དགོས་པ་སྟེ། རོགས་སྐྱོར་ཁྲིད་ཕྱོགས་སུ་བྱས་ཏེ་འཚོ་སྐྱོང་དམའ་སྐྱོར་ལས་ཐར་བར་བྱ་དགོས་པ་དང་། འཚོ་སྐྱོང་དམའ་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེས་ཆེ་བ་དང་དམངས་འཚོའི་ལས་གཞི་ཆེས་ཆེ་བ། འཕེལ་རྒྱས་ཀྱི་གོ་སྐབས་ཆེས་ཆེ་བ་བརྩིས་པ་རྒྱུན་འཁྱོངས་ཏེ། འཚོ་སྐྱོང་དམའ་སྐྱོར་གྱི“རྩིས་རྒྱག་ཐབས”བེད་སྤྱོད་ཡག་པོ་བྱེད་ཅིང་། དར་རྒྱས་ཞན་པའི་རྫོང་ཁོངས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་རོགས་བྱེད་པའི་སྲིད་ཇུས་དོན་ལ་འཁྱོལ་བ་དང་། ཁུལ་སྲིད་གཞུང་གིས་ལོ་རེར་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ཏེ་དར་རྒྱས་ཞན་པའི་རྫོང་ཁོངས་འཕེལ་རྒྱས་ལ་སྤྱད་རྒྱུ་དང་། ས་ཁོངས་བརྒལ་བའི་གླིང་ཁུལ་འཛུགས་པར་སྐུལ་མ་དང་། འབའ་ཐང་དང་སྡེ་རོང་གཙོས་བྱས་ཐོག་ལི་ཐང་དང་། རྟའུ། འདབ་པ་བཅས་དུས་རིམ་རང་བཞིན་གྱི་དར་རྒྱས་ཞན་པའི་རྫོང་ཁོངས་ཀྱི་གོ་གནས་ལས་ཐར་གང་ཐུབ་བྱ་དགོས། གནས་སྡོད་འཕྲོད་པ་གཙོ་བོར་བྱས་ནས་གྲོང་ཡུལ་འཛུགས་སྐྲུན་བྱ་དགོས། ཞན་ཆ་ཁ་གསབ་བྱ་རྒྱུ་རྨང་གཞིར་བྱས་ཏེ་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས། ཡོང་འབབ་འཕར་གཙོ་གནད་དུ་བཟུང་ནས་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། འགན་སྲུང་འགན་འཁྲིར་བརྩིས་ནས་མཐིལ་ཚད་བརྟན་པོར་བསྲུང་དགོས། སློབ་གསོ་སྔོན་ལ་བཞག་ནས་ཀུན་སྤྱོད་ཀྱིས་མི་བསྐྱང་དགོས། བདེ་ཐང་དགོས་མཁོར་བྱས་ནས་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་སྐྱེ་ཁམས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་རི་སྔོ་ཆུ་དྭངས་སྲུང་བར་བསྐུལ་དགོས་པ་སྟེ། སྦགས་བཙོག་འགོག་བཅོས་ཀྱི་རང་སྐུལ་དམག་འཐབ་ཡག་པོ་བརྒྱག་དགོས་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱག་དགོས། ཐཱན་ཉུང་རིགས་བསྒྱུར་གྱི་སྤྱི་ཡོངས་དམག་འཐབ་ཡག་པོ་བརྒྱག་དགོས། ལྔ་ནི་བདེ་འཇགས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་ཡུན་རིང་བདེ་འཁོད་ཡོང་བར་བསྐུལ་དགོས་པ་སྟེ། དུས་བདེའི་དཀར་མཛེས་ཁུལ་ཤུགས་ཡོད་རྒུས་བསྐྲུན་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་དགོས། སྤྱི་པའི་བདེ་འཇགས་དམ་འཛིན་ནན་ཞིབ་བྱ་དགོས། དྲུག་ནི་རང་ངོས་འཛུགས་སྐྱོང་ལ་དམིགས་ནས་དམངས་ཡོངས་ཀྱིས་ཡི་རང་བའི་སྲིད་གཞུང་འཛུགས་པར་བསྐུལ་དགོས་པ་སྟེ། ཏང་ལ་བློ་སེམས་མཐའ་གཅིག་ཏུ་དཀར་དགོས་པ་དང་། ཁྲིམས་ལྟར་སྲིད་འཛིན་མཐའ་གཅིག་ཏུ་བྱ་དགོས། སྲིད་བརྩོན་དམངས་ལ་ཕན་པ་མཐའ་གཅིག་ཏུ་བྱ་དགོས། སྤྱོད་གཙང་ལུགས་དྲང་མཐའ་གཅིག་ཏུ་བྱ་དགོས།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། འགོ་འཛུགས་ཚོགས་ཆེན་དུ་ད་དུང་དཀར་མཛེས་ཁུལ2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་ལེན་བསྟར་ཚུལ་དང2025ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་སེང་དང་། དཀར་མཛེས་ཁུལ2024ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་། དཀར་མཛེས་ཁུལ2024ལོའི་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གནས་ཚུལ་གྱི་སྙན་སེང་། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་སྲོལ་ཡིག། འཆར་ཟིན》ཀྱི་གྲོས་གཞིའི་གསལ་བཤད། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉ལག་ལེན་བྱེད་ཐབས》ཀྱི་བབ་བསྟུན་གཏན་འབེབས〉རྩིས་མེད་དུ་གཏོང་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ཀྱི་གྲོས་གཞིའི་གསལ་བཤད། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ〉དག་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ཀྱི་གྲོས་གཞིའི་གསལ་བཤད་བཅས་ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུ་སྤྲད་པ་རེད།
ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན། དཀར་མཛེས་ལས་རིགས་སློབ་གླིང་བཅས་ཀྱི་མགོ་ཁྲིད་དང་། ཀྲེ་ཅང་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན། ཁྲེང་ཏུའུ་རོགས་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་པ་བཅས་གདན་ཞུས་ལྟར་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། གཞན་འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཟུར་དུ་ཞུགས་ཡོད།( ཡེ་ཤེས་དང་སྐལ་བཟང་རྒྱ་མཚོས་བྲིས་ཤིང་པར་བླངས།)