国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་རིག་གནས་ཡུལ་སྐོར་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་པ།

( པར་ངོས་དང་པོར་མཐུད།)གྲོས་བསྡུར་བྱེད་ཡུལ་གྱི་རྣམ་པ་སྤྲོ་སེམས་འཕེལ་བ་དང་ཚོགས་ཞུགས་ཨུ་ཡོན་ཚོས་རང་དགར་གཏམ་བཤད་པ་སྟེ། ཚེ་རིང་སྒྲོལ་མ་དང་ཏུའུ་ཅོན། ཐན་ཏན་ཀྲེ། ཧྲི་ཏུང་ཡན། བཀྲ་ཤིས་ཕུན་ཚོགས། ཞུས་སུང་། ལེགས་སྨོན། ཡུས་ཅོན། དཀོན་མཆོག་བཀྲ་ཤིས་བཅས་ཨུ་ཡོན་གྱིས་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྱོང་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་བར་དམིགས་ནས་ལས་རིགས་ཀྱི་དོན་དངོས་དང་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་འགྱུར་ལྡོག་དང་མྱོང་ཚོར་གླེང་ཞིང་གྲོས་འགོ་དང་ཐབས་ཇུས་བཟང་པོ་བཏོན་པ་རེད།

ཨུ་ཡོན་ཚོའི་གྲོས་འགོ་དང་བསམ་འཆར་ལ་ཞིབ་ཕྲ་གསན་རྗེས། ཧྥུང་ཧྥ་ཀུའེ་ཡིས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་བསྒྲུབས་པ་དང་སྲིད་ཞུགས་དང་སྲིད་གྲོས་ཧུར་ཐག་བྱས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། ཁུལ་ཡོངས་ཀྱི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ལེགས་ཆ་དང་དཔལ་འབྱོར་ལེགས་ཆ། དམངས་ཕྱུག་ལེགས་ཆ་སོགས་སུ་བསྒྱུར་བ་དང་ལྷག་པར་དུ་ཐུན་མོང་མ་ཡིན་པའི་སྐྱེས་སྟོབས་ཆ་རྐྱེན་ལ་བརྟེན་ནས“རིག་གནས་ཡུལ་སྐོར་ཁུལ”ཞེས་པའི“རྩོམ་ཡིག་ཆེན་པོ”དེ་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ཡོད། ཁོང་གིས་གལ་སྲིད་སྐད་ཆ་ཚིག་གཅིག་གི་ཐོག་ནས་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་སྐྱེས་སྟོབས་མཚོན་པར་བྱེད་ན“མིག་ཕྱེ་ན་ཚང་མ་མཛེས་ལྗོངས་དང་མིག་བཙུམས་ན་ཡོངས་རྫོགས་བཀྲ་ཤིས་པ”ཡིན་ཞེས་གསུངས་པ་རེད། མིག་ཕྱེ་ན་ཚང་མ་མཛེས་ལྗོངས་ཡིན་ཞེས་པ་ནི་དཀར་མཛེས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་ཟེར་བ་དང་། མིག་བཙུམས་ན་ཡོངས་རྫོགས་བཀྲ་ཤིས་པ་ཡིན་ཞེས་པ་ནི་ཐུན་མོང་མ་ཡིན་པའི་ཁམས་པའི་རིག་གནས་དང་མི་རིགས་ཀྱི་གོམས་སྲོལ་ལ་ཟེར་བ་སྟེ། ཡུལ་སྐོར་བ་རྣམས་དཀར་མཛེས་སུ་སླེབས་སྐབས་གནས་མཆོག་གི་མཛེས་སྡུག་མྱོང་བ་དང་ནང་སེམས་ལ་བཀྲ་ཤིས་པའི་སྣང་བས་ཁེངས་པ་ཞིག་ཏུ་གྱུར།

ཧྥུང་ཧྥ་ཀུའེ་ཡིས་ཕུལ་བྱུང་གི་རིག་གནས་ཡིན་ན་ཡུན་རིང་ལ། ཡིད་དབང་འགུག་ཤུགས་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་དང་དོན་ལ་འཁྱོལ་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་གསལ་དོད་པོ་ཡོང་བ་མཐའ་འཁྱོངས་ཤིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེན་པོ་ཡོང་བར་བསྐུལ་ཏེ། ཁམས་པ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་མཛེས་སྡུག་དང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་རིན་ཐང་མཐོ་རུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཡོང་འདོད་པ་དང་སླར་ཡང་ཡོང་འདོད་པར་བྱ་དགོས། ཁྲོམ་རའི་ཁྲིད་སྟོན་མཐའ་འཁྱོངས་དང་ཡུལ་སྐོར་བའི་དགོས་མཁོར་དོ་སྣང་བྱས་ཏེ་མི་རིགས་ཀྱི་རྒྱན་གོས་དང་། མི་རིགས་ལག་རྩལ། ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་སོགས་ཡུལ་སྐོར་རིག་གནས་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ཏེ་རིག་གནས་ཐོན་ཁུངས་དེ་ལས་མང་པོ་ཞིག་ཡུལ་སྐོར་ཚོང་ཟོག་ཏུ་བསྒྱུར་དགོས། སྐྱེ་ཁམས་གཞི་གཙང་དང་སེམས་ཁམས་གཞི་གཙང་། བྲོ་བ་གཞི་གཙང་བཅས་གཙོ་བོར་འཛིན་པའི་དཀར་མཛེས་ཁུལ་གྱི་གཞི་གཙང་འཛུགས་སྐྱོང་བྱེད་པར་སྐུལ་བ་དང་། ཁ་དན་ཚིག་གནས་ལ་སྐུལ་ལྕག་དང་ཁ་དན་ཚིག་ལ་མི་གནས་པ་རྣམས་ཕྱིར་འབུད་རྒྱུ་མཐའ་འཁྱོངས་ཏེ། རིན་གོང་གསལ་པོར་བཀོད་པ་དང་མགྲོན་པོ་མགོ་སྐོར་མི་གཏོང་བ། ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་ཁོར་ཡུག་ཧུར་ཐག་བསྐྲུན་ཏེ།“གནས་མཆོག་དཀར་མཛེས”ཀྱི་རྣམ་པ་གསལ་དུ་དོད་དེ་ཡུལ་སྐོར་བ་རྣམས་ལ་སེམས་ཁམས་བདེ་བའི་ཡུལ་སྐོར་དང་ཕུགས་འདུན་འཚོལ་བའི་ཡུལ་སྐོར་ཞིག་ལ་མྱོང་ཚོར་ཟབ་པོ་ཐེབས་པར་བྱ་དགོས།

ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་ཅིན་ཐེན་ཆང་། ལིའུ་ཧུང་བཅས་དང་།ཁུལ་གྱི་དྲུང་ཆེ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཨུ་ཡོན་འཐུས་མི་བཅས་གྲོས་བསྡུར་ནང་ཞུགས་པ་རེད།།

( མིག་དམར་གྱིས་བསྒྱུར།)