国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་

2025ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀའ་རྒྱ།

ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕན་འབྲས་ཡོད་པའི་སྒོ་ནས་སྔོན་འགོག་དང་གསོད་ཐུབ་པ། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་དང་སྐྱེ་ཁམས་བདེ་འཇགས་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》《ནགས་ཚལ་མེ་ཟོན་སྲོལ་ཡིག》《རྩྭ་ཐང་མེ་ཟོན་སྲོལ་ཡིག》《སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྲོལ་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཤམ་གསལ་གྱི་བཀའ་རྒྱ་བསྒྲག་རྒྱུ།

གཅིག། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་ཁ་གསལ་བཟོ་དགོས། 2025ལོའི་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་ནི་ཟླ་བ་དང་པོའི་ཚེས1ཉིན་ནས་ཟླ་བ5པའི་ཚེས31ཉིན་བར་དང་། ཟླ་བ11པའི་ཚེས1ཉིན་ནས་ཟླ་བ12པའི་ཚེས31ཉིན་བར་ཡིན་ཞིང་། དེའི་ནང་ཟླ་བ2པའི་ཚེས1ཉིན་ནས་ཟླ་བ5པའི་ཚེས10ཉིན་བར་ནི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ཉེན་ཁ་ཆེ་བའི་དུས་ཡུན་ཡིན། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་དང་མེ་སྐྱོན་ཉེན་ཁ་ཆེ་བའི་དུས་ཡུན་ཇེ་རིང་དུ་བཏང་སྟེ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པ་དང་འབྲེལ་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་བཀོད་འདོམས་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

གཉིས། ནགས་ཚལ་དང་རྩྭ་ཐང་མེ་ཟོན(བཀག་སྡོམ)ཁུལ་དབྱེ་འབྱེད་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཡུན་ནང་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ནགས་ཚལ་ཐོན་ཁུངས་ཁྱབ་ཚུལ་དང་ནགས་ཚལ་མེ་སྐྱོན་འབྱུང་བའི་ཆོས་ཉིད་ལ་གཞིགས་ནས་ནགས་ཚལ་མེ་ཟོན་ཁུལ་དབྱེ་འབྱེད་བྱ་དགོས། ཚ་གདུག་ཆེ་བ་དང་ཐན་པ། རླུང་ཆེན། ཐོག་སེར་དྲག་པོ་སོགས་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་གནམ་གཤིས་སྔོན་བརྡ་གཏོང་སྐབས། ནགས་ཚལ་གྱི་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ཁུལ་དབྱེ་དགོས། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་རྩྭ་ཐང་མེ་སྐྱོན་འབྱུང་བའི་ཁྱད་ཆོས་དང་ཉེན་ཁའི་ཚད་གཞིར་གཞིགས་ནས་ཁྲིམས་ལྟར་རྩྭ་ཐང་མེ་ཟོན་བཀག་སྡོམ་ཁུལ་དབྱེ་འབྱེད་བྱས་ནས་བཀག་སྡོམ་དུས་ཡུན་གཏན་འབེབས་བྱ་དགོས། དབྱེ་འབྱེད་བྱས་པའི་ནགས་ཚལ་མེ་ཟོན་ཁུལ་དང་ནགས་ཚལ་མེ་ཟོན་ཉེན་ཁ་ཆེ་བའི་ཁུལ། དེ་བཞིན་རྩྭ་ཐང་མེ་ཟོན་བཀག་སྡོམ་ཁུལ་དང་བཀག་སྡོམ་དུས་ཡུན་བཅས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས་པར་མ་ཟད། ཁུལ་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

གསུམ། དུས་དང་བསྟུན་ནས་མེ་རྒྱ་སྡོམ་པའི་བཀའ་རྒྱ་བསྒྲག་དགོས། ནགས་ཚལ་གྱི་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དང་རྩྭ་ཐང་མེ་ཟོན་བཀག་སྡོམ་ཁུལ་དུ། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་མེ་རྒྱ་སྡོམ་པའི་བཀག་རྒྱ་བསྒྲགས་ཏེ། མེ་རྒྱ་སྡོམ་པའི་དུས་ཚོད་དང་ས་ཁོངས། མེ་རྒྱ་སྡོམ་ཐབས་བཅས་ཁ་གསལ་བཟོས་ཏེ། བྱེས་སུ་མེ་སྤྱོད་པ་མཐའ་དག་གཏན་འགོག་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་སྲིད་པའི་བྱེས་མིན་པའི་མེ་སྤྱོད་ལ་དོ་དམ་ནན་པོ་བྱ་དགོས།

བཞི། བྱེས་མེའི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་ནན་པོ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་མེ་ཟོན་དུས་ཡུན་ནང་དུ་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས།

(གཅིག)ནགས་ཚལ་དང་རྩྭ་ཐང་མེ་ཟོན(བཀག་སྡོམ)ཁུལ་ནང་དུ་བྱེས་སུ་ཐ་མག་འཐེན་པ་དང་དུར་ཤོག་སྲེག་པ། སྤོས་སྲེག་པ། པྲ་སྒྲོན་སྦར་བ། བསང་གཏོང་བ། ཤོག་སྦག་སྦར་བ། སྨོན་འདེབས་ཁུང་མིང་ལྒང་ཞུ་གཏང་བ། སྦྲང་མ་སྲེག་པ། རི་བསྲེགས་ནས་གཅན་གཟན་འདེད་པ། གློག་ཆས་ཀྱིས་རི་དྭགས་རྔོན་པ། དཔལ་འབར་མེ་སྒྲོན། མེ་འབུད་ནས་སྲོ་བ། བྱེས་སུ་ཟས་བཟོ་བ། སོལ་བ་སྲེག་པ། ས་རྒོད་སྲེག་པ། ཞིང་ཁ་སྲེག་པ། མུ་ཚིགས་སྲེག་པ། སོག་མ་སྲེག་པ། ཐལ་བསྲེགས་ལུད་གསོག། གད་སྙིགས་སྲེག་པ། བྱེས་སུ་སྒར་བཏབ་ནས་མེ་སྤྱོད་པ། བེམ་རོ་སྲེག་པ་སོགས་དམངས་སྲོལ་དང་དམངས་སྲོལ་མཆོད་འབུལ་གྱི་མེ་སྤྱོད་དང་དེ་བཞིན་བྱེས་སུ་མེ་སྤྱོད་གཞན་དག་བཅས་གཏན་འགོག་བྱ་དགོས།

(གཉིས།)ཞིང་ལས་དང་ནགས་ལས། འབྲོག་ལས་ཐོན་སྐྱེད་དང་། ནད་ཤིང་སྲེག་པ། ལས་གྲྭའི་རྩད་ཞིབ་ཇུས་འགོད། ཨར་ལས་ལས་སྒྲུབ། འཆར་འགོད་ལྟར་སྲེག་སེལ་སོགས་བྱེས་སུ་ཐོན་སྐྱེད་བྱེད་དུས་དངོས་གནས་མེ་སྤྱད་དགོས་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་ངམ་འབྲེལ་ཡོད་སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་དབང་ཆ་དང་ལེན་བྱེད་མཁན་ཡུལ་ཤོག(གྲོང་རྡལ།)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་ལ་ཁྲིམས་ལྟར་མེ་སྤྱད་རྒྱུའི་རེ་ཞུ་འབུལ་དགོས་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་ཞུ་དགོས། ཞིབ་བཤེར་ཆོག་མཆན་ཐོབ་རྗེས། དུས་ཚོད་དམིགས་འཛུགས་དང་ས་གནས་དམིགས་འཛུགས་བྱེད་པ། ཡུལ་དངོས་ཀྱི་འགན་འཁུར་མི་སྣ་གཏན་འཁེལ་ཁ་གསལ་བཟོ་བ་དང་།“མེ་ཤོར་བའམ་མཆེད་པ”སྔོན་འགོག་སོགས་དགོས་ངེས་ཀྱི་བདེ་འཇགས་བྱེད་ཐབས་སྤྱད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒྲིག་འཛུགས་ལག་ལེན་བསྟར་དགོས་ཤིང་། རྫོང(གྲོང་ཁྱེར)ནགས་ཚལ་དང་རྩྭ་ཐང་གཙོ་གཉེར་སྡེ་ཁག་དང་མངའ་ཁོངས་ཀྱི་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བདེ་འཇགས་ཞིབ་བཤེར་བྱ་དགོས། བྱེས་སུ་ལས་ཀ་སྒྲུབ་པའི་འཕྲུལ་ཆས་སྒྲིག་ཆས་ལ་མེ་ཟོན་བྱེད་ཐབས་སྤྱད་དགོས་པ་དང་། བཀོལ་སྤྱོད་མི་སྣས་མེ་ཟོན་བདེ་འཇགས་ཀྱི་བཀོལ་སྤྱོད་སྒྲིག་སྲོལ་བསྲུངས་ནས་མེ་ཤོར་བར་སྔོན་འགོག་བྱ་དགོས། འབར་མདེལ་ངོ་མས་གྲབས་སྦྱོང་དང་འབར་གཏོར་སོགས་ཀྱི་བྱེད་སྒོ་སྤེལ་ན། ངེས་པར་དུ་གོ་རིམ་ལྟར་ཆོག་མཆན་ཞུ་དགོས་པར་མ་ཟད། དགོས་ངེས་ཀྱི་མེ་ཟོན་བྱེད་ཐབས་སྤྱད་དགོས། མེ་སྤྱོད་སྡེ་ཚན་དང་ཡང་ན་མི་སྒེར་གྱིས་ངེས་པར་དུ་མེ་ཟོན་བྱེད་ཐབས་དོན་འཁྱོལ་གནད་ལ་འཁེལ་བར་འགན་ལེན་ཏན་ཏིག་བྱས་ནས་མེ་ཤོར་བར་སྔོན་འགོག་བྱ་དགོས།

(གསུམ།)གཏན་འབེབས་ལྟར་ནགས་ཁུལ་གྱི་ལམ་གཙོ་བོ་དང་དེ་བཞིན་རྒྱལ་དབང་ནགས་ར་ནགས་ཁུལ་དང་། ནགས་ཚལ་དང་འབྲེལ་བའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་དང་ཡུལ་སྐོར་ལྗོངས་ཁུལ་དང་ལྗོངས་གནས་སོགས་ཀྱི་འགྲོ་འོང་བྱེད་སར་གནས་སྐབས་རང་བཞིན་གྱི་ནགས་རྩྭ་མེ་ཟོན་ཞིབ་བཤེར་ས་ཚུགས་འཛུགས་པར་མ་ཟད། ནགས་རྩྭ་མེ་ཟོན་གྱི་ཉེན་སྟོན་རྟགས་བྱང་དང་ཉེན་སྟོན་ཆ་འཕྲིན་དྲན་སྐུལ་རྟགས་བྱང་བཙུགས་པ་དང་། མེ་ཁུངས་འཚོལ་ཞིབ་འཕྲུལ་ཆས་སྒྲིག་སྦྱོར་བྱ་དགོས། ནགས་ཚལ་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དུ་འགྲོ་ན། ཡུལ་དེ་གའི་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་འབྲེལ་ནགས་ལས་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས་པ་དང་། སྡེ་ཚན་དང་མི་སྒེར་གང་རུང་གིས་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་བྱ་དགོས། རྩྭ་ཐང་མེ་ཟོན་བཀག་སྡོམ་ཁུལ་དུ་འགྲོ་མཁན(བཀག་སྡོམ་ཁུལ་དུ་འཚོ་བའི་གཞིས་དམངས་ཚུད་མེད)ས་གནས་དེ་གའི་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་སྤྲད་པའི་རྩྭ་ཐང་མེ་ཟོན་ལམ་ཡིག་ལོན་དགོས་པར་མ་ཟད། ད་དུང་མེ་ཟོན་བཀག་སྡོམ་ལ་བརྩི་ཞུ་བྱ་དགོས།

(བཞི།)ནགས་རྩྭ་མེ་ཟོན(བཀག་སྡོམ)ཁུལ་དུ་ལས་ཀ་བྱེད་པའམ་ཡང་ན་གཏོང་བའི་འཕྲུལ་འཁོར་རིགས་ལ་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས་ཤིང་། མེ་མཆེད་པ། སྒྲོག་སེབ་ལྷུང་ནས་མེ་ཤོར་བ་སོགས་ནན་འགོག་བྱ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་སྡེ་ཚན་དང་མི་སྒེར་གྱིས་ནགས་ཚལ་མེ་ཟོན་ཁུལ་དང་རྩྭ་ཐང་མེ་ཟོན་བཀག་སྡོམ་ཁུལ་དུ་འགྲོ་མཁན་ཁ་ལོ་བ་དང་འགྲུལ་པ་རྣམས་ལ་ནགས་རྩྭ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་བྱ་དགོས།

(ལྔ།)ནགས་ཚལ་རྩྭ་ཐང་མེ་ཟོན(བཀག་སྡོམ)ཁུལ་ནང་དུ། ནགས་རྩྭ་མེ་སྐྱོན་འབྱུང་སྲིད་པའི་བྱེས་མིན་མེ་སྤྱོད་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བཀག་སྡོམ་བླང་བྱ་ལྟར་དོ་དམ་ནན་པོ་བྱ་དགོས།

གོང་གསལ་གྱི་གཏན་འབེབས་ལས་འགལ་རིགས་ལ། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནམ་འབྲེལ་ཡོད་སྲིད་འཛིན་ཆད་གཅོད་དབང་ཆ་དང་ལེན་ཐུབ་ཅིང་ནུས་པ་ཡོད་པའི་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་ལམ་དོན་གཅོད་ཁང་གིས་ཁྲིམས་ལྟར་དེ་མཚུངས་ཀྱི་ཆད་གཅོད་བྱ་རྒྱུ། ཉེས་གསོག་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས། ནགས་རྩྭ་མེ་ཟོན་དུས་བཀག་ནང་ནགས་རྩྭ་མེ་ཟོན(བཀག་སྡོམ)ཁུལ་གྱི་བྱེས་སུ་དུར་ཤོག་སྲེག་པ་དང་ཐ་མག་འཐེན་པ་སོགས་སྒྲིག་འགལ་གྱིས་མེ་སྤྱོད་མཁན་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅད་རྒྱུ། གཞུང་ཞབས་མི་སྣར(ལས་འཁྱུར་ངལ་གསོ་མི་སྣ་ཚུད་ཡོད)བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅད་རྒྱུ། དེ་གར་བཀག་འགོག་མི་བྱེད་པ་དང་ཡང་ན་བཀག་འགོག་ཡག་པོ་མི་བྱེད་པའི་གཞུང་དོན་མི་སྣ(ལས་འཁྱུར་ངལ་གསོ་མི་སྣ་ཚུད་ཡོད)དང་གྲོང་སྡེ་ཚོ་ཆུང་གི་ལས་བྱེད་པར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་གཅད་རྒྱུ། མེ་སྐྱོན་ཤོར་དུ་བཅུག་ནས་བྱས་ཉེས་བསགས་པ་ཡིན་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།

ལྔ། མེ་སྐྱོན་གྱི་མངོན་མེད་ཉེན་ཁར་ཚགས་བཤེར་དང་དག་ཐེར་བཅོས་སྐྱོང་བྱ་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན(ལས་ཁུངས)ཁག་གིས་འབྱུང་རྩ་བཅོས་སྐྱོང་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ལས་ཀའི་མ་ལག་ལེགས་སུ་བཏང་ནས། ནགས་ཚལ་སྤྱི་གླིང་དང་གྲོང་ཁུལ་རི་ངོས་སོགས་གཙོ་གནད་ཁྱབ་ཁོངས་མངོན་གསལ་དུ་བྱས་ཏེ། ནགས་རྩྭ་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་ཚགས་བཤེར་དང་དག་ཐེར་བཅོས་སྐྱོང་ཁྱོན་ཡོངས་ལ་ཁེབས་པ་དང་རྒྱུན་ཚུལ་ཅན་དུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། མངོན་མེད་ཉེན་ཁའི་རྩིས་ཐོ་དང་འགན་འཁྲིའི་རྩིས་ཐོ་བཟོས་ནས་ཐོ་ཨང་སུབ་པའི་དག་ཐེར་བྱེད་སྟངས་སྤྱད་དགོས། ནགས་རྩྭ་མེ་ཟོན(བཀག་སྡོམ)ཁུལ་ནང་དུ་ཡོད་པའི་གྲོང་རྡལ་དང་གཞུང་ལམ། གྲོང་སྡེ(དུད་ཚང་།)སློབ་གྲྭ། སྨན་ཁང་། རྒན་གསོ་ཁང་། དགོན་པ། རིག་དངོས་སྲུང་སྐྱོང་སྡེ་ཚན། འབར་སླ་གས་སླ་བའི་ས་ཚུགས་ཁང་མཛོད། བཟོ་གྲྭ། གཏེར་རི། གློག་འདོན་ཁང་། ཨར་པོ་རྒྱག་ཡུལ། རྐང་འགྲོས་ངལ་གསོ་ས་ཚུགས། ལྗོངས་ཁུལ་གྱི་ཡུལ་སྐོར་རྐང་ལམ། མཆོད་འབུལ་དང་བསང་གཏོང་ས། སྤྱི་པའི་དུར་ས་སོགས་ས་ཆ་གཙོ་གནད་དང་། དམིགས་འབེན་གཙོ་གནད། སྒྲིག་བཀོད་གལ་ཆེན། དེ་བཞིན་ནགས་རྩྭ་མེ་སྐྱོན་ཉེན་ཁ་ཆེ་བའི་ས་མཚམས་ཀྱི་ཨར་ལས་ས་ཁོངས་དང་། གློག་ཤུགས་དང་གློག་འཕྲིན་སྐུད་ལམ་སྒྲིག་བཀོད་སོགས་ལ། འབྲེལ་ཡོད་འགན་འཁྲིའི་སྡེ་ཁག(ལས་ཁུངས)གིས“ཉེ་འཁོར་ལྔ་དང་རྒྱུད་ངོགས་ལྔའི”འཆར་གཞི་བཟོས་ཏེ། ལས་བཀོད་སྒྲིག་བཟོ་བསལ(བསྲེག) བ་དང་། དགོས་ངེས་ཀྱི་མེ་ཟོན་འབྲེལ་ལམ་གཅོད་མཚམས་བཟོ་བ། ཤིང་སྡོང་ཐོག་གི་གློག་སྐུད་ཀྱི་མངོན་མེད་ཉེན་ཁ་བཅོས་སྐྱོང་བྱེད་པ་སྟེ། ལམ་རྒྱུད་དང་མཐའ་འཁོར། ཤིང་འོག་གི་ཡལ་ག་སྐམ་པོ་དང་འདབ་ལོ། རྩྭ་ལྡུམ་སོགས་འབར་ཉེན་འབར་སླ་ཆེ་བའི་དངོས་པོ་བསལ་(བསྲེག)དགོས། གློག་ཤུགས་དང་འཕྲིན་གཏོང་སྐུད་ལམ་ལ་དུས་བཀག་ལྟར་སྐོར་སྲུང་དང་ཉེན་མེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་བཅོས་སྐྱོང་བྱེད་པ་དང་། སྟོང་ཝོལ10དང་དེའི་མན་གྱི་གློག་འདྲེན་གཏོང་སྐུད་ལམ་རྙིང་པ་དང་རྙིང་ཧྲུལ་དུམ་མཚམས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྟོང་ཝོལ35དང་དེའི་མན་གྱི་གློག་འདྲེན་གཏོང་སྐུད་ལམ་གྱི་ནགས་ཚལ་མེ་སྐྱོན་ཉེན་ཁ་ངོས་འཛིན་གནད་སྨིན་དང་སྔོན་བརྡ་ཉེན་སྟོན་ནུས་པ་ཏན་ཏིག་ཆེ་རུ་གཏང་དགོས། རིམ་པ7དང་དེའི་ཡན་གྱི་རླུང་ཆེན་སྔོན་བརྡ་ཐོན་སྐབས་དུས་ཐོག་ཏུ་བརྡར་གཅོད་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་གློག་གཅོད་སྒོ་འཐེན་ནས་གློག་གཅད་པའི་བྱེད་ཐབས་སྤྱད་དེ་གནས་ཚུལ་སྟབས་མི་ལེགས་པ་དང་གནམ་གཤིས་ཐལ་དྲགས་འོག་ཉེན་ཁ་མི་ཡོང་བ་བྱ་དགོས།།

དྲུག། ས་ཁོངས་དང་རིམ་པ་བགོས་ནས་འགོག་ཟོན་གནད་ལ་འཁེལ་བ་བྱ་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ས་གནས་དེ་ག་དང་སྡེ་ཚན་དེ་གའི་མེ་སྐྱོན་ཉེན་ཁའི་རིམ་པ་དང་མེ་སྐྱོན་ཉེན་ཁའི་ས་ཁོངས་སོགས་གཞིར་བཟུང་ནགས་རྩྭ་མེ་ཟོན་འགན་འཁྲིའི་ས་ཁོངས་བགོས་ཏེ། འགན་འཁུར་པ་དང་འགན་འཁྲི་ལས་འགན་ཁ་གསལ་བཟོ་བ་དང་། དྲྭ་མིག་ལྟ་བུའི་དོ་དམ་བྱེད་སྟངས་སྤྱད་དགོས། དུས་བདེ་དཀར་མཛེས་མ་ལག་འདུས་གྲུབ་སྟེགས་བུ་དང་ཟུང་དུ་སྦྲེལ་ཏེ། དམར་མཚལ་སེར་སྔོན་གྱི་ཉེན་སྟོན་རིམ་པ་དང་བརྡ་ལེན་བྱ་ཐབས་ལྟར་མེ་སྐྱོན་ཉེན་སྟོན་རིམ་པ་བཞིན“འབོད་ལེན”ལམ་སྲོལ་དང་། ས་ཁོངས་དང་རིམ་པ་བགོས་པའི་འགོག་ཟོན་གནད་ལ་འཁེལ་བའི་བྱ་ཐབས་ལག་ལེན་ནན་པོར་བསྟར་དགོས། ཡུལ་མིས་སྒོ་བྱང་བརྒྱབ་ནས་རེས་མོས་ལས་རེས་དང་རི་སྐོར་ཞིབ་ནགས་སྲུང(རྩྭ)པའི་ལམ་ལུགས་དོན་ལ་འཁྱོལ་བ་དང་། ཐོན་སྐྱེད་མེ་སྤྱོད་ཞིབ་མཆན་ཅན་དང་། འཚོ་བའི་མེ་སྤྱོད་ལམ་ལུགས་ཅན། དམངས་སྲོལ་མེ་སྤྱོད་རྩིས་ཐོ་ཅན། མེ་སྤྱོད་ལྟ་སྐུལ་དྲྭ་མིག་ཅན་བཅས་ཀྱི་དོ་དམ་ལག་བསྟར་བྱ་དགོས། དམངས་དོན་བྱ་སྤྱོད་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ལ་ཚོད་འཛིན་ཐེབས་མཁན་ལ། ལྟ་སྐྱོང་གི་འགན་འཁྲི་ཡོད་མཁན་སྡེ་ཚན་དང་མི་སྒེར་གྱིས་བྱ་ཐབས་སྤྱད་དེ་ལྟ་སྐྱོང་བྱ་ཡུལ་གྱིས་བྱེས་སུ་མེ་སྤྱོད་པ་དང་མེ་རྩེ་བར་བཀག་འགོག་བྱ་དགོས། ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་དང་མཛུབ་ཁྲིད་ལ་ཤུགས་བརྒྱབ་ནས་ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་སྡེ་ཚན་བཅས་ལ་མེ་ཟོན་ཞིབ་བཤེར་དང་རི་སྐོར་ནགས་སྲུང་ལ་ཤུགས་བརྒྱབ་ནས་རི་སྲུང་ཐུབ་པ་དང་མི་ལྟ་ཐུབ་པ། མེ་ཟོན་ཐུབ་པ་བཅས་བྱ་རྒྱུ་ལྟ་སྐུལ་བྱ་དགོས།

བདུན། འཚུབ་བསྟུན་གྲ་སྒྲིག་དང་ལུགས་མཐུན་ཐག་གཅོད་བྱེད་པར་ཤུགས་བརྒྱག་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག(ལས་ཁུངས)གིས་ཚན་མཐུན་ལུགས་མཐུན་དང་འདེགས་སྐྱོར་ནུས་ལྡན་གྱི་འགན་སྲུང་མ་ལག་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏང་དགོས། མེ་ཟོན་མེ་གསོད་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ནགས་རྩྭ་མེ་སྐྱོན་འཚུབ་བསྟུན་སྔོན་བཀོད་འཆར་གཞི(བྱ་ཐབས་དང་གོ་རིམ)སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཚན་རིག་རང་བཞིན་དང་ཉེན་མེད་རང་བཞིན་ཆེ་རུ་གཏང་དགོས། ནགས་རྩྭ་མེ་ཟོན་དུས་ཡུན་ནང་རིམ་པ་ཁག་གི་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་ལས་ཁུངས་དང་ནགས་རྩྭའི་མེ་ཟོན་མེ་གསོད་ལས་འགན་འཁུར་བའི་སྡེ་ཁག(ལས་ཁུངས)གིས་ཆུ་ཚོད24རིང་ལས་རེས་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་བྱ་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག(ལས་ཁུངས)གིས“འཁོར་སྐར་དང་གནམ་གྲུ། མི”གསུམ་ཟུང་དུ་སྦྲེལ་ནས་མེ་སྐྱོན་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང“ཆུ་ཡིས་མེ་གསོད་པའི”མ་ལག་འཛུགས་སྐྱོང་བྱས་ནས། མེ་ཟོན་མེ་གསོད་སྒྲིག་ཆས་ཆ་ཚང་དང་སྤྱོད་གོ་ཆོད་པ་ཡིན་པ་དང་། འཚུབ་བསྟུན་རོགས་སྐྱོབ་དངོས་ཟོག་འདང་ངེས་གསོག་པ། མེ་གསོད་ཆུ་ཁ་གསབ་བྱ་དགོས། མེ་གསོད་དཔུང་ཁག་སྣ་ཚོགས་ཀྱིས་དུས་རྒྱུན་ དུ་དངོས་འཐབ་སྦྱོང་བརྡར་དང་གྲབས་སྦྱོང་བྱས་ནས་མེ་གསོད་གྲ་སྒྲིག་ཡག་པོ་བྱེད་པ་དང་། མེ་ཉེན་ཆེ་བའི་དུས་སུ་གཙོ་གནད་ས་ཁུལ་དུ་མེ་གསོད་སྟོབས་ཤུགས་དང་སྒྲིག་ཆས། དངོས་ཟོག་བཅས་སྔོན་ལ་གཞག་དགོས་པ་དང་། མདུན་སར་བཅའ་སྡོད་དང་སྒྲིག་ཆས་ཁྱེར་ནས་སྐོར་སྲུང་བྱ་དགོས། གལ་ཏེ་མེ་སྐྱོན་བྱུང་བ་ན། སྔོན་ཇུས་ཀྱི་གཏན་འབེབས་ལྟར་དུས་ཐོག་ཏུ་འཚུབ་བསྟུན་བརྡ་ལེན་བྱེད་འགོ་འཛུགས་པར་མ་ཟད། མེ་སྐྱོན་གྱི་ཆ་འཕྲིན་ཡར་ཞུ་བྱེད་པ་དང་། དེ་མ་ཐག་འཕྲལ་གཅོད་བྱ་ཐབས་སྤྱད་དེ་ཉེན་ཁ་ཡོད་པའི་མང་ཚོགས་ཁ་འགྲེམས་དང་གནས་སྤོ་དང་། སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་བྱ་དགོས། མེ་གསོད་ཀྱི་ཆ་རྐྱེན་འཛོམས་པ་དང་མེ་གསོད་མི་སྣར་ཉེན་ཁ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕྲལ་དུ་ཉེན་མེད་དང་ལུགས་མཐུན་གོ་ཆོད་ཀྱི་བྱ་ཐབས་སྤྱད་དེ། གོ་རིམ་ལྡན་པའི་སྒོ་ནས་མེ་གསོད་པ་དང་། གོ་སྐབས་འཕྲོག་འཛིན་སྔར་གསོད་ཆུང་གསོད་རྩ་གཅོད་བྱས་ནས་ཉེན་ཁ་མེད་ལ་དུས་ཐོག་ཏུ་མེ་སྐྱོན་ཚོད་འཛིན་བྱས་ནས་མེ་མཆེད་དུ་མི་བཅུག་པ་དང་གྱོང་གུན་ཉུང་དུ་གཏང་དགོས།

བརྒྱད། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག(ལས་ཁུངས)གིས་བྱེད་སྟངས་སྣ་མང་སྤྱད་དེ་མེ་ཟོན་དྲིལ་བསྒྲགས་ཟླ་བ་དང་། ནགས་རྩྭ་མེ་ཟོན་མེ་གསོད་ཉེན་སྟོན་ཉིན་མོ། མེ་ཟོན་བཀའ་རྒྱ།“སློབ་འགོ་འཛུགས་པའི་སློབ་ཚན་དང་པོ”སོགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ནགས་རྩྭ་མེ་ཟོན་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས། མང་ཚོགས་ལ་ཡུལ་སྲོལ་བསྒྱུར་བ་དང་ཡ་རབས་དང་ཉེན་མེད་ངང་མེ་སྤྱོད་པར་ཁྲིད་སྟོན་བྱེད་པ་དང་། ཉེན་སྟོན་སློབ་གསོར་ཤུགས་བརྒྱག་པ། སྤྱི་དམངས་ཀྱི་འགན་འཁྲིའི་འདུ་ཤེས་དང་། བདེ་འཇགས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཆེ་རུ་གཏོང་བ། སྤྱི་དམངས་ཀྱི་སྔོན་འགོག་དང་ཉེན་གཡོལ། རང་སྐྱོབ། སྐྱོབ་རེས། གནོད་སྐྱུང་བཅས་ཀྱི་ནུས་པ་ཆེ་རུ་གཏང་དགོས། སྤྱི་ཚོགས་སྤྱི་དམངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱེས་སུ་མེ་སྤྱོད་པའི་བྱ་སྤྱོད་ཐེར་འདོན་ཧུར་ཐག་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཞིབ་བཤེར་བྱས་ནས་གཏན་འཁེལ་ཡིན་པར་འབྲེལ་ཡོད་ཐེར་འདོན་བྱ་དགའ་སྤྲོད་ཐབས་ལྟར་ཐེར་འདོན་བྱེད་མཁན་ལ་ཐེངས་གཅིག་གི་དངུལ་སྨར་བྱ་དགའ་སྤྲད་དགོས།

དགུ། ཁྲིམས་ལྟར་མེ་ཟོན་མེ་གསོད་འགན་འཁྲི་དོན་ལ་འཁྱོལ་དགོས།

མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གོང་ནས་འོག་ལ་ཐུག་པ་དང་གཡས་ནས་གཡོན་ལ་ཐུག་པའི་བར་གྱི་འགན་འཁྲིའི་མ་ལག་ལེགས་འཐུས་བཏང་ནས་ནགས་རྩྭ་མེ་ཟོན་མེ་གསོད་ལས་དོན་སྲིད་འཛིན་འགོ་དཔོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ནགས་དཔོན་ལམ་ལུགས་དང་ཟུང་དུ་འབྲེལ་ནས“འགན་འཁུར་མཁན་དང་པོའི”འགོག་ཟོན་འགན་འཁྲི་དོན་ལ་འཁྱོལ་དགོས། “གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས་དང་ཐད་འབྲེལ་བཞི”ལམ་ལུགས་དོན་ལ་ནན་པོར་འཁྱོལ་ཏེ། རིམ་པ་བཞིན་ཐད་འབྲེལ་ལམ་སྲོལ་ལག་ལེན་བསྟར་བ། ཁོངས་གཏོགས་ཀྱི་འགོ་ཁྲིད་འགན་འཁྲི་དང་། ལས་རིགས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཐོན་སྐྱེད་གཉེར་སྐྱོང་དོ་དམ་ཚན་པའི(ཁེ་ལས)ཁྲིམས་འབེབས་འཐུས་ཚབ་མི་སྣ་དང་། མ་རྩ་དངོས་སུ་གཏོང་མཁན་གྱི་བྱེད་པོའི་འགན་འཁྲི་དང་། དེ་བཞིན་ནགས་སྲུང(རྩྭ་)པ་དང་། དྲྭ་མིག་དོ་དམ་མི་སྣ།“གློག་སྐུད་དཔོན་དང་། གློག་ཤིང་དཔོན། གློག་སྒྱུར་ཆས་དཔོན་བཅས་ཀྱི་མི་སྒེར་གྱི་དོ་དམ་སྲུང་སྐྱོང་འགན་འཁྲི་དོན་ལ་འཁྱོལ་བ་དང་། ཁུལ་མགོ་ཁྲིད་ཀྱིས་རྫོང(གྲོང་ཁྱེར)ལ་འགན་གཙང་ལེན་དང་། རྫོང(གྲོང་ཁྱེར)མགོ་ཁྲིད་ཀྱིས་ཡུལ་ཤོག(གྲོང་རྡལ།)ལ། ཡུལ་ཤོག(གྲོང་རྡལ)མགོ་ཁྲིད་ཀྱིས་གྲོང་སྡེ(ཚོ་ཆུང)ལ། གྲོང་སྡེ(ཚོ་ཆུང)ལས་བྱེད་པས་དུད་ཚང་ལ། ཁྱིམ་བདག་གིས་མི་ལ། ནགས་སྲུང(རྩྭ་ཐང)མི་སྣས་རི་འགོ་དང་ས་ཁོངས་ལ་འགན་གཙང་ལེན་བྱ་རྒྱུ་ལག་ལེན་བསྟར་ཏེ། གྲོང་མིའི(གཞིས་མི)མེ་ཟོན་རོགས་ལས་མཉམ་འཛིན་ལམ་སྲོལ་ལ་བསྐུལ་ནས་མེ་ཟོན་འགན་འཁྲི་དང་ལས་འགན་ལས་ཀའི་ཚན་པ་ཆུང་ཤོས་སུ་དོན་ལ་འཁྱོལ་བ་བྱ་དགོས། ནགས་རྩྭ་མཐའ་འབྲེལ་ས་ཁུལ་དང་སྡེ་ཚན་གྱིས་མཉམ་འབྲེལ་འགོག་སྲུང་གི་གྲོས་མཐུན་བཞག་ནས་མཉམ་འགོག་མཉམ་ཟོན་གྱི་འགན་འཁྲི་དོན་ལ་འཁྱོལ་བ་དང་། མཉམ་འབྲེལ་འགོག་ཟོན་ས་ཁོངས་ནང་གི་ནགས་རྩྭའི་མེ་ཟོན་མེ་གསོད་ལས་དོན་མཐུན་སྦྱོར་ངང་ལེགས་པར་བསྒྲུབ་དགོས། ནགས་རྩྭའི་མེ་ཟོན་དུས་ཡུན་ནང་རྫོང(གྲོང་ཁྱེར)དང་ཡུལ་ཤོག(གྲོང་རྡལ)ཏང་ཨུ་སྲིད་གཞུང་གི་འགན་འཁུར་པ་གཙོ་བོ་དང་རིམ་པ་ཁག་གི་འགན་གཙང་ལེན་མི་སྣ་དུས་བཀག་ལྟར་གཞི་རིམ་དུ་སོང་ནས་ཞིབ་བཤེར་དང་མཛུབ་ཁྲིད་བྱ་དགོས། ནགས་རྩྭའི་མེ་སྐྱོན་ཉེན་ཁ་དམར་མཚལ་གྱི་ཉེན་སྟོན་དང་འཕྲད་སྐབས་ཁུལ་དང་། རྫོང(གྲོང་ཁྱེར)ནགས་རྩྭའི་མེ་ཟོན་མེ་གསོད་ཀྱི་འགན་གཙང་ལེན་འགན་འཁུར་བ་དང་ཁོངས་མིའི་སྡེ་ཚན་གྱི་འགན་འཁུར་བས་རུ་ཁག་ཁྲིད་ནས་ཡུལ་དངོས་སུ་བསྡད་ནས་ལྟ་སྐུལ་ཁྲིད་སྟོན་བྱ་དགོས།

བཅུ་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས“བརྡ་ཐོ་མི་གཏོང་བ་དང་སྐད་མི་གཏོང་བ། སྙན་སེང་ལ་མི་ཉན་པ། སྣེ་ལེན་མི་དགོས་པ་བཅས་མ་དགོས་པ་བཞི་དང་ཐད་ཀར་གཞི་རིམ་དང་ཡུལ་དངོས་སུ་སྐྱོད་པ་སྟེ་ཐད་སྐྱོད་གཉིས”སོགས་ཀྱི་བྱ་ཐབས་སྤྱད་དེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ནགས་རྩྭའི་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་དང་གནད་དོན་འབྲེལ་ཡོད་ས་གནས་དང་འགན་འཁྲི་སྡེ་ཚན་ལ་དག་ཐེར་བཅོས་སྐྱོང་བརྡ་ཡིག་དང་ཉེན་སྟོན་ཡི་གེ་བསྐུར་བ། མོལ་འདྲི་ལྟ་སྐུལ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། དུས་བཀག་ནང་དག་ཐེར་བཅོས་སྐྱོང་དང་། ཞིབ་རྩིས་བླངས་ནས་ཐོ་ཨང་སུབ་པ། འཁོར་འབྲེལ་བཅད་པའི་དོ་དམ་བཅས་བྱེད་པར་བསྐུལ་དགོས་པ་དང་། དག་ཐེར་བཅོས་སྐྱོང་མི་བྱེད་མཁན་ལ་སྒྲིག་ཁྲིམས་ལྟར་ཆད་གཅོད་ནན་པོ་བྱ་དགོས། རིམ་པ་ཁག་གི་སྤྱི་བདེ་དང་ནགས་ལས་རྩྭ་ཐང་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་མེ་སྐྱོན་བཅོས་སྐྱོང་མཐའ་འཁྱོངས་ཏེ། ནགས་རྩྭའི་མེ་སྐྱོན་གྱོད་གཞིར་ཞིབ་བཤེར་ཆད་གཅོད་ནན་པོ་བྱས་ནས་གྱོད་གཞི་ཚང་མ་ངེས་པར་དུ་ཞིབ་བཤེར་དང་རྩད་གཅོད་བྱ་དགོས། ནགས་རྩྭར་མེ་སྐྱོན་བྱུང་བར“དོན་རྐྱེན་གྱི་རྒྱུ་རྐྱེན་རྩད་མ་ཆོད་ན་ཐར་པ་མི་གཏོང་བ་དང་། འགན་འཁྲི་བར་ཆད་པ་མི་ཕོག་ན་ཐར་པ་མི་གཏོང་བ། དག་ཐེར་བཅོས་སྐྱོང་བྱེད་ཐབས་དོན་ལ་མ་འཁྱོལ་ན་ཐར་པ་མི་གཏོང་བ། འབྲེལ་ཡོད་མི་སྣ་སློབ་གསོ་མི་ཐེབས་ན་ཐར་པ་མི་གཏོང་བ་སྟེ་ཐར་པ་མི་གཏོང་བ་བཞིའི”རྩ་དོན་ལྟར།། དུས་ཐོག་ཏུ་རྒྱུ་རྐྱེན་ཞིབ་བཤེར་དང་གྱོང་གུན་ཚོད་དཔག། འགན་འཁྲི་དབྱེ་འབྱེད་བཅས་བྱས་ཏེ་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་བྱ་དགོས།

སྡེ་ཚན་དང་མི་སྒེར་གང་རུང་གིས་ནགས་རྩྭའི་མེ་སྐྱོན་མཐོང་བའི་ཚེ། དེ་མ་ཐག་ནགས་རྩྭའི་མེ་སྐྱོན་ཉེན་བརྡ་ཁ་པར12119གཏང་དགོས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།

2024ལོའི་སྤྱི་ཟླ12པའིཚེས31ཉིན།