国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ།

( པར་ངོས་དང་པོར་མཐུད།)ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་གིས་མཇུག་བསྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

མཇུག་བསྒྲིལ་ཚོགས་འདུར《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་གི་གྲོས་ཆོད》དང་།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་སྙན་སེང་གི་གྲོས་ཆོད》 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་འཆར་ཞིབ་བཤེར་ལས་དོན་སྙན་སེང་གི་གྲོས་ཆོད》《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད།

ཧྲེན་དབྱང་གི་གསུང་བཤད་ནང་དུ་ཁུལ་ཨུའི་ཚབ་མཛད་ནས་ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་གྲུབ་པ་དང་གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་རྒྱུན་ལས་ཨུ་ཡོན་རྣམས་ལ་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ་སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འདས་མ་ཐག་པའི2024ལོ་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་ཆེན་པོ་གཉིས་ཁོང་དུ་ཆུད་པར་བྱས་ཤིང་། ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་དམིགས་ནས་འགན་ནུས་བསྒྲུབས་པར་བརྟེན། ཆབ་སྲིད་ཀྱི་སྣེ་ཁྲིད་སྔར་བས་སྟོབས་དང་ལྡན་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སྔར་བས་འཇོན་ཐང་ཡོད་པ། མང་ཚོགས་ལ་འབྲེལ་བ་བྱེད་པ་སྔར་བས་ཕན་འབྲས་ལྡན་པ། ངོས་འཛིན་གཅིག་མཐུན་གཅིག་ཏུ་བསྒྲིལ་བ་སྔར་བས་ཐབས་ཇུས་ལྡན་པ་བཅས་བྱུང་ནས། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་འགོག་ཤུགས་བསྐྱུངས་པ་དང་། མཉམ་ཤུགས་བསྒྲིལ་བ། རོགས་ཤུགས་བསྣན་ཡོད། ད་ལོ་ནི་དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་དང་དཀར་མཛེས་ཁུལ་སྲིད་གྲོས་བཙུགས་ནས་ལོ་ངོ75འཁོར་བའི་ལོ་ཡིན་པས། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་མུ་མཐུད་དེ་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཁུལ་ཨུའི་ལས་དོན་གཙོ་བོ་གང་དུ་སྤེལ་ཡོད་ན་སྲིད་གྲོས་ཀྱི་འགན་སྒྲུབ་དེ་རུ་རྗེས་འདེད་ཐུབ་པ་རྒྱུན་འཁྱོངས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་འཐབ་ཕྱོགས་དང་པོར་ཧུར་ཐག་ངང་ཞུགས་ནས། མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་བླང་བྱ་བཏོན་དོན། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མུ་མཐུད་ནས་མཐའ་འཁྱོངས་ཡག་པོ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་ཧུར་ཐག་གིས་བསྐུལ་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་གི་འགོ་ཁྲིད་རྒྱུན་འཁྱོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་པ་དེ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་བ་དང་། ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཅིང་། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ལེགས་སྐྱོང་ལ་བརྟེན་ནས་ཆབ་སྲིད་སྟོབས་ཆེན་ཡོང་བ་དང་དཔུང་ཁག་ལ་སྣེ་ཁྲིད་པ། འགན་འཁྲི་སྒྲུབ་པར་སྐུལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་གང་ཐུབ་བྱ་དགོས། ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་གནད་ལ་འཁེལ་བ་དང་ཕན་ནུས་ལྡན་པ་བྱ་དགོས། སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་འཛོམས་པ་དང་བློ་རིག་འདུས་པ། འབྲེལ་བ་ཁྱབ་རྒྱ་ཆེ་བ་བཅས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ་དང་། དམངས་འཚོར་ཕན་པ་དང་མཉམ་ཤུགས་གཅིག་བསྡུས་ལ་ཕྱོགས་ནས་རྣམ་དཔྱོད་ལྡན་པའི་གྲོས་འགོ་དང་དོན་ལ་གནས་པའི་ཐབས་ཇུས་གང་མང་མང་བཏོན་ཏེ། ངོས་འཛིན་གཅིག་མཐུན་གྱི་མཐུན་ཤུགས་ཆེ་རུ་གཏང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཧུར་ཐག་གཏང་དགོས། གྲོས་མོལ་བྱེད་ཐབས་སྣ་མང་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཉེན་ཁ་ཚབས་ཆེན་འགོག་སེལ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བསྒྲུབ་གཞི་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་གྲོས་བསྡུར་ཟབ་མོ། སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱེད་པ་དང་། གྲོས་མོལ་དང་ལྟ་སྐུལ་མཉམ་བྱེད་གཞི་གཅིག་ཏུ་ཁྱབ་པར་འཚོལ་ཞིབ་བྱས་ཏེ་གྲོས་མོལ་གང་ལེགས་བྱ་དགོས། འགན་འཁྲི་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་སྲིད་གྲོས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཆབ་སྲིད་སྣེ་ཁྲིད་དང་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་གྱི་གཞི་སྟེགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། བྱ་གཞག་གཙིགས་སུ་འཛིན་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མཐུན་སྒྲིལ་མཉམ་ལས་བྱེད་པ་བཅས་ཀྱི་མིག་དཔེར་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་སྔར་བས་ལེགས་པར་བསྒྲུབ་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁུལ་ཨུས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་སྔར་བཞིན་མཐོང་ཆེན་དང་སེམས་ཁུར། རྒྱབ་སྐྱོར་བཅས་བྱེད་པ་དང་། ཐབས་ཇུས་གལ་ཆེན་གཏན་ལ་འབེབས་ཚེ་སྲིད་གྲོས་དེར་ཧུར་ཐག་ཞུགས་པར་གདན་འདྲེན་ཞུ་བ་དང་། གྲོས་གཞི་གལ་ཆེན་ལ་སྲིད་གྲོས་ཀྱིས་བརྟག་ཞིབ་གྲོས་མོལ་བྱ་རྒྱུ་བཀོད་སྒྲིག་བྱེད་པ། གཙོ་གནད་ལས་དོན་སྲིད་གྲོས་ཀྱིས་ལྟ་སྐུལ་དོན་འཁྱོལ་བྱ་རྒྱུར་སྤྲད་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ལ་ཆབ་སྲིད་ཐད་གོ་གནས་ཡོད་པ་དང་། གྲོས་འགོ་འདོན་པར་གོ་སྐབས་ཡོད་པ། སྟོབས་ཤུགས་འདོན་ས་ཡོད་པ་བཅས་ཁག་ཐེག་བྱ་རྒྱུ་ཡིན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་ཏང་ཨུའི་སྤྱིའི་ལས་དོན་ནང་བཙུད་དེ། སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་འགན་ནུས་ལག་ལེན་བསྟར་བར་རྒྱབ་སྐྱོར་དང་། རང་རྟོགས་ངང་དམངས་གཙོ་ལྟ་སྐུལ་དང་དུ་ལེན་པ། གྲོས་འགོ་བསམ་འཆར་ལ་ཏན་ཏིག་གིས་ཉན་པ། གྲོས་འཆར་སྒྲུབ་གཉེར་ལ་མཐོང་ཆེན་བཅས་བྱས་ཏེ། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ལས་དོན་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས།

ཀྲང་ཐུང་རུང་གིས་གཙོ་སྐྱོང་གསུང་བཤད་ནང་དུ་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱིས་བློ་ཕྱོགས་ཏང་ལ་མཐའ་གཅིག་ཏུ་གཏད་དགོས་ཤིང་། སེམས་སུ་རྒྱལ་དོན་དང་ཇུས་ཆེན་བཅངས་པ། ཞིང་ཆེན་གྱི་དོན་ཆེན་ལ་ཕྱོགས་པ། ཁུལ་གྱི་དོན་ཆེན་ལ་དམིགས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བར་མིག་རྒྱང་རིང་བའི་ཐབས་ཇུས་གཉེར་བ་དང་རྣམ་དཔྱོད་ལྡན་པའི་གྲོས་འགོ་འདོན་པ། དོན་ལ་གནས་པའི་བྱེད་ཐབས་འབུལ་བ་བཅས་བྱས་ཏེ། མི་དམངས་དང་ལོ་རྒྱུས་ཀྱིས་ཞིབ་བཤེར་ཐུབ་པའི་ལས་ཀའི་གྲུབ་འབྲས་གཏོད་པར་འབད་བརྩོན་བྱ་དགོས། བློ་གཅིག་སེམས་གཅིག་གིས་སྟོབས་ཤུགས་བསྒྲིལ་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་མངོན་གསལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་གཙོ་ཕྱོགས་སུ་བཟུང་ནས་འབྲེལ་གཏུག་བྱེད་མཁན་དང་མཐུན་སྒྲིལ་བྱེད་མཁན། གོང་བུར་སྒྲིལ་མཁན་བཅས་ཀྱི་ལས་ཀ་སྔར་བས་ཡག་པོ་སྒྲུབ་པ། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་དགོས། བློ་གཅིག་སེམས་གཅིག་གིས་དམངས་ལ་དགའ་ཞེན་བྱ་དགོས། སློབ་གསོ་འཕྲོད་བསྟེན་དང་ལས་ཞུགས་ལས་སྐྲུན་དང་། རྒན་གསོ་བྱིས་སྐྱོང་། འཚོ་སྐྱོང་དམའ་སྐྱོར། ཡོང་འཕར་ཕྱུག་སྒྱུར་སོགས་དམངས་འཚོའི་གནད་དོན་ལ་དམིགས་ནས་གྲོས་མོལ་དང་གྲོས་འགོ་འདོན་པ། གཞི་རིམ་དུ་ཞུགས་ནས་དམངས་ཚུལ་རྟོག་ཞིབ་མཐར་ཕྱིན་བྱས་ནས། ཨུ་ཡོན་གྱི་འགན་སྒྲུབ་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོའི་གཞི་སྟེགས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱ་སྐྱེད་བཏང་ནས། མང་ཚོགས་ལ་སྲིད་གྲོས་རང་གི་ཉེ་འགྲམ་དུ་ཡོད་པ་དང་། ཨུ་ཡོན་རང་ཉིད་དང་ཧ་ཅང་བརྩེ་བ་ཡིན་པའི་ཚོར་སྣང་ཡོང་དུ་གཞུག་དགོས། བློ་གཅིག་སེམས་གཅིག་གིས་སྟོབས་ཆེན་ཡོང་བར་བརྩོན་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དེ་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། སྒྲིག་ཁྲིམས་སྲུང་བ་དང་ཆོས་ཉིད་ལ་དང་དོད། ཀུན་སྤྱོད་ལ་མཐོང་ཆེན་བཅས་ཐོག་མཐའ་བར་གསུམ་དུ་གཟུགས་སྣང་འཛུགས་སྐྱོང་དུ་ཁྱབ་པར་བྱ་དགོས། གྲོས་མོལ་ལས་སྟེགས་འཛུགས་སྐྱོང་དང་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་། དཔུང་ཁག་གི་གཟུགས་སྣང་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་དེ་བསྐུལ་ནས། སྲིད་གྲོས་ཀྱི་ལས་དོན་དུས་རབས་གསར་པར་སྔར་བས་འཕྲོད་པ་དང་། འགན་འཁྲི་གསར་པ་སྔར་བས་འཁུར་ཐུབ་པ། རྒྱང་སྐྱོད་ལམ་གསར་དུ་སྔར་བས་བསྐྱོད་ཐུབ་པར་བྱ་དགོས།

ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་སྲིད་གཞུང་། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་གྱི་དཀར་མཛེས་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་དོན་རུ་ཁག་དང་ཁྲེང་ཏུའུ་ཡི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོའི་མགོ་ཁྲིད་རྒན་པ་ཁག་གཅིག་བཅས་གདན་ཞུས་ལྟར་མཇུག་བསྒྲིལ་ཚོགས་ཆེན་ལ་ཞུགས་ཡོད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཞིང་ཆེན་ཁོངས་ཀྱི་སྲིད་འཛིན་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཁུལ་ཁོངས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན། རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུའི་ཧྲུའུ་ཅི་བཅས་གདན་ཞུས་ལྟར་མཇུག་བསྒྲིལ་ཚོགས་ཆེན་ལ་ཟུར་དུ་ཞུགས་ཡོད།།

( སྐལ་ཐུབ་དང་ཡེ་ཤེས།རྒྱ་མཚོ་བཅས་ཀྱིས་བྲིས་ཤིང་པར་བླངས།)