国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འགྱུར་མེད་དབང་མོས་རིག་གནས་ སྲུང་སྐྱོང་དང་བརྒྱུད་འཛིན་ཡག་པོ་བྱ་དགོས་ཞེས་བཤད།

འགྱུར་མེད་དབང་མོ་ནི་དཀར་མཛེས་ཁུལ་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་འཁྲབ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐུས་མི་དང་ཨུ་ཡོན་བཅས་ཡིན།

འགྱུར་མེད་དབང་མོས་གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་ཁུལ་ཚོགས་འདུ་གཉིས་ནང་ཞུགས་པར་ང་རང་ལ་འགན་འཁྲི་གལ་ཆེན་དང་ལས་འགན་གཟི་བརྗིད་ལྡན་པའི་ཚོར་སྣང་ལྡན་ཞེས་བཤད།2003ལོར་ལས་ཀའི་ནང་ཞུགས་པ་ནས་བཟུང་འགྱུར་མེད་དབང་མོས་ལོ་བཅུ་ཕྲག་ཁ་ཤས་རིང་བློ་རྩེ་གཅིག་སྒྲིམ་ངང་སྡེ་དགེ་རྫོང་གི་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།ངས་སྔོན་ཆད་སྒྱུ་རྩལ་པ་རྒན་གྲས་ཤིག་གིས་དཀའ་ངལ་མང་པོར་འཕྲད་ཀྱང་གེ་སར་སྒྲུང་བརྒྱུད་འཛིན་དང་དགའ་ཞེན་རྒྱུན་འཁྱོང་བཞིན་ཡོད་པ་མཐོང་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ནོར་བུ་ཡིན་ལ། རིག་གནས་ཤུལ་བཞག་འདི་དག་ལ་ང་ཚོ་དེང་རབས་ཅན་དུ་བསྐྱོད་པའི་ལམ་བུའི་ཁྲོད་ཚབ་བྱེད་ཐབས་བྲལ་བའི་རིན་ཐང་ལྡན་ཡོད་ཅེས་འགྱུར་མེད་དབང་མོས་དེ་ལྟར་བཤད།

འགན་འཁྲི་བསྒྲུབས་པ་ལ་ཕྱིར་མིག་ལྟ་ཚེ། འགྱུར་མེད་དབང་མོ་ལ་ཚོར་སྣང་ཆེན་པོ་ཡོད་པ་སྟེ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་ནས་བཟུང་ཁོ་རང་སྡེ་དགེ་རྫོང་མངའ་ཁོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་དུ་འཚམས་འདྲིར་སོང་ཞིང་།རི་ཆུ་དང་ལ་ལུང་མང་པོ་བརྒལ་ནས་དམངས་ཁྲོད་དུ་སྦས་པའི་རིག་རྩལ་གྱི་ནོར་བུ་འཚོལ་ཞིབ་བྱས་པ་དང་། པར་ཁང་གི་ལོ་རྒྱུས་དང་པར་ཤིང་རེ་རེས་རིག་གནས་ཀྱི་བདེན་དཔང་བྱེད་ཀྱི་ཡོད། ཐང་གའི་རི་མོ་ཞིབ་ཚགས་དང་དམངས་ཁྲོད་སྒྱུ་རྩལ་པའི་མཛུབ་མོ་འོག་གི་སྒྱུ་རྩལ་དང་འཚོ་བ་མཉམ་འདྲེས་བྱས་པ་དང་། སྡེ་དགེའི་གླུ་གར་རིག་གནས་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཕེལ་བའི་ངང་ནས་ལྟ་རྟོག་བྱེད་བཞིན་ཡོད།

ང་ཚོས་འབད་པ་ལྷོད་མེད་བྱས་ནས་མི་རབས་རྗེས་མར་རིག་གནས་ཀྱི་རྗེས་དྲན་ཆ་ཚང་འཇོག་དགོས་ཞེས་འགྱུར་མེད་དབང་མོས་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་གཏང་རྒྱུ་ནི་སྡེ་དགེ་རྫོང་དང་ཐ་ན་དཀར་མཛེས་ཁུལ་སྤྱི་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། 2024ལོ་ནས་བཟུང་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྐུལ་འདེད་ལྷོད་མེད་འོག“སྡེ་དགེ་པར་ཁང་གི་པར་གཞི”དེ《འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མིང་ཐོ》ནང་བདམས་པ་དང་།《མདོ་ཁམས་སྡེ་དགེའི་སྡེ་བྲིས་ཡིག་གཟུགས་ལེགས་བཏུས་མེས་པོ་དགྱེས་པའི་མཆོད་སྤྲིན།》བསྡུ་རུབ་དང་པར་སྐྲུན་བྱས་པར་མ་ཟད། ད་དུང་གེ་སར་རོལ་དབྱངས་དུས་ཚིགས་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པ་ལེགས་གྲུབ་ངང་གཉེར་བར་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར།ཧུར་ཐག་གིས་ཞུགས་ཏེ“སྡེ་དགེ་རིག་གནས”སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད། ཁུལ་ཚོགས་འདུ་གཉིས་ཀྱིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་འཆར་འགོད་བྱས་ཤིང་། དེས་ང་ཚོའི་ཕྲག་ཏུ་འགན་འཁྲི་ཆེན་པོ་ལྷུང་བའི་ཚོར་བ་སྐྱེས། འགྱུར་མེད་དབང་མོས་བལྟས་ན། གཞི་རིམ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནི་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་མདུན་ཕྱོགས་ཀྱི་གཡུལ་ས་ཞིག་ཡིན་པས་རྒྱ་ཆེའི་གཞི་རིམ་རིག་རྩལ་ལས་དོན་པ་དང་དམངས་ཚོགས་བར་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ཅིག་ཡིན་པས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་དང་སྲུང་སྐྱོང་། བརྒྱུད་འཛིན་བཅས་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད། འོན་ཀྱང་མིག་སྔར་ཁུལ་ཡོངས་དང་རྫོང་རིམ་པའི་གཞི་རིམ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་མ་དངུལ་དཀོན་པ་དང་ཤེས་ལྡན་མི་སྣ་དཀོན་པ། ཐོན་ཁུངས་ལ་ཚད་ཡོད་པ་སོགས་དཀའ་ངལ་མང་པོ་ཡོངས་ཁྱབ་ཏུ་གནས་ཡོད།

ཕྱིན་ཆད་ཀྱི་ལས་དོན་སྐོར་གླེང་སྐབས་འགྱུར་མེད་དབང་མོས་གསར་འགོད་པར་རང་ཉིད་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་སྙན་སེང་གི་དམིགས་ཚད་དང་ལས་འགན་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱ་རྒྱུ་དང་དུས་མཚུངས་ཇི་ལྟར་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་ལ་དམིགས་ནས་རྫོང་རིམ་པའི་གཞི་རིམ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་དོ་ཁུར་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་རྒྱུ་བརྩོན་ལེན་བྱས་ཏེ་གཞི་རིམ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱད་དེ་རིག་རྩལ་གསོ་སྦྱོང་དང་སྤེལ་རེས་བྱེད་སྒོ་སྣ་ཚོགས་སྤེལ་བ། གཞི་རིམ་རིག་རྩལ་ལས་དོན་པའི་ཆེད་ལས་བྱང་ཚད་དང་གསར་རྩོམ་ཆུ་ཚད་མཐོ་རུ་གཏོང་བ། འཕྲིན་སྦྱོར་སྟེགས་བུ་གསར་པ་སྤྱད་དེ་དཀར་མཛེས་ཁུལ་གྱི་རིག་གནས་ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་ལ་ལམ་བུ་བསྐྲུན་ནས་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་སྐྱེ་དངོས་སླར་གསོ་བྱ་དགོས་ཞེས་བཤད།

བཅར་འདྲིའི་མཇུག་ཏུ་འགྱུར་མེད་དབང་མོས་བཤད་རྒྱུར།“གྲུབ་འབྲས་ཚང་མའི་རྒྱབ་ཏུ་སྡེ་དགེ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལས་དོན་པས་འབད་བརྩོན་བྱེད་པ་དང་ཁ་འབྲལ་ཐབས་མེད་ཅིང་། གཞོན་ནུ་དེ་བས་མང་བ་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་བྱ་གཞག་ནང་ཞུགས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་དང་སྟོབས་ཆེར་འགྲོ་བའི་རེ་བ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ལ་རེ་བ་ཆེན་པོ་ཡོད་ཅིང་། ཁུལ་ཚོགས་འདུ་གཉིས་ཀྱི་སྙིང་དོན་གྱི་མཛུབ་ཁྲིད་འོག་དཀར་མཛེས་ཁུལ་གྱི་རིག་གནས་དུས་རབས་གསར་པའི་ནང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ནས་རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་པའི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་དང་གདེང་ཚོད་ཡོད།”

( མིག་དམར་གྱིས་བསྒྱུར།)