国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ།

( པར་ངོས་དང་པོར་མཐུད།)

ད་ཐེངས་ཀྱི་ཚོགས་ཆེན་འདེམས་བསྐོ་བྱེད་ཐབས་ཀྱི་གཏན་འབེབས་ལྟར། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག། ཚོགས་ཆེན་གྱིས་མིང་མེད་འདེམས་ཤོག་འཕེན་སྟངས་སྤྱད་དེ་ཚེ་དབང་འཇིགས་མེད་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་འདེམས་བསྐོ་བྱས་པ་དང་། ཀྲང་ཅ་ཀྲི་དང་ཁྲེན་ཀྲི། ཚེ་བཀྲ། ཀའོ་ཀྲེང་ཧུའེ། ཁང་ཞིའུ་ཡིང་བཅས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་རེད།

ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་ཀའི་སྙན་སེང་དང་། འཆར་གཞིའི་སྙན་སེང་། ནོར་སྲིད་ཀྱི་སྙན་སེང་། ཡུལ་སྡེ་དར་རྒྱས་ཀྱི་སྙན་སེང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི《སི་ཁྲོན་ཞིང་ཆེན<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས>ལག་བསྟར་བྱ་ཐབས》ཀྱི་བསྟུན་བསྒྱུར་གཏན་འབེབས>མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ>བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འགའ་ཤས་ཀྱི་ཀྲུའུ་རེན་ཨུ་ཡོན་གྱི་མིང་ཐོ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གཏན་འབེབས་ལྟར། གསར་དུ་བདམས་ཐོན་བྱུང་བའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན5བཅས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་ཡོད།

ཧྲེན་དབྱང་གིས་གསུང་བཤད་བསྟན་དོན། ཚོགས་འདུའི་རིང་འཐུས་མི་རྣམ་པས་དམངས་གཙོ་དར་སྤེལ་གང་ལེགས་བྱས་པ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། འབྲེལ་ཡོད་སྙན་སེང་ལ་ཉན་པ་དང་གྲོས་ཞིབ་བྱས་པ། འདེམས་བསྐོའི་ལས་འགན་ཁག་ལེགས་གྲུབ་བྱས་པ། གྲོས་ཆོད་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་བཅས་ཀྱི་ཐོག་ནས་འགན་འཁྲི་འཁུར་པ་དང་བསམ་པའི་རྣམ་པ་བཟང་པོ་མངོན་པ་རེད། འདས་ཟིན་པའི་ལོ་གཅིག་ནང་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གནང་བར་མཐའ་འཁྱོངས་བྱས་པ་དང་།ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་དམ་པོས་དམིགས་ནས། ཁུལ་ཨུ་སྤྱིའི་ལས་ཀའི་རྣམ་པ་ལ་གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་སྔར་ལས་བརྟན་པོ་དང་། འཕེལ་རྒྱས་རྣམ་པ་སྔར་ལས་ལེགས་སུ་འགྲོ་བ། སྐྱེ་ཁམས་གཞི་གདངས་སྔར་ལས་གསལ་བ། དམངས་འཚོའི་འགན་སྲུང་སྔར་ལས་བརྟན་པོ་ཡོང་བ། ཏང་འཛུགས་སྐྱོང་སྔར་ལས་སྟོབས་ལྡན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད། བརྒྱུད་རིམ་དེའི་ཁྲོད། མི་དམངས་འཐུས་ཚོགས་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་ལེགས་སྐྱེས་ཆེན་པོ་བཞག་ཡོད། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་འགྲིལ་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་བྱེད་པའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ75འཁོར་བའི་ལོ་ཡང་ཡིན་པས། ལས་དོན་ཁག་ལེགས་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུའི་བཀོད་སྒྲིག་གལ་ཆེན་དང་ད་ཐེངས་ཀྱི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བཅས་ཀྱི་ཐོག་ཏུ་གཅིག་གྱུར་བྱས་ཏེ། ལས་འགན་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་དགོས།

ཧྲེན་དབྱང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏང་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དཀར་མཛེས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་ལ་མཛུབ་ཁྲིད་བློ་བརྟན་འགྱུར་མེད་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་པ་དང་དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི“ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་དོན་བརྒྱད”ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁ་ཕྱོགས་དང་རྩ་དོན་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་གནད་ཆེའི་ལས་དོན། ལས་འགན་གལ་ཆེན་བཅས་ལ་དམིགས་ནས་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་དམ་འཛིན་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་འདོན་སྤེལ་ཡག་པོ་བྱ་དགོས། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱ་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཆབ་སྲིད་རིག་གནས་དང་སྤྱི་ཚོགས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁྱོན་ཡོངས་ནས་སྐུལ་འདེད་གཏང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏང་བ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་འཆར་འགོད་དང་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་ནས། མི་དམངས་འཐུས་ཚོགས་ཀྱིས“སྲིད་གཞུང་གཅིག་ལ་ཨུ་ལྷན་གཅིག་དང་ཁང་གཉིས”ལ་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སེམས་ཁུར་དང་དོ་ཁུར་དམ་པོར་དམིགས་དགོས། “གཞི་རིམ་དུ་སྤེལ་བ་བཞི”སྤྱོད་ཚུལ་བཟང་པོ་དར་སྤེལ་བྱས་ནས་དོན་དངོས་ལ་ཉན་པ་དང་། གནས་ཚུལ་དངོས་ལ་ཞིབ་བཤེར་བྱེད་པ། ཐབས་ཇུས་དངོས་ལ་ཇུས་འགོད་འཇོག་པ། ཕན་འབྲས་ནན་བཤད་བཅས་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད་ཐབས་ཇུས་འབུལ་དགོས། མི་དམངས་གཙོ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཕུན་སུམ་ཚོགས་པའི་ངང་འཕེལ་རྒྱས་གཏང་དགོས། མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་དང་། བྱེད་སྟངས་དང་ནང་དོན་བཅས་རྒྱུན་མཐུད་ངང་རྒྱ་བསྐྱེད་གཏང་བ་དང་།“འཐུས་མིའི་ཁྱིམ་ཚང།”“འཐུས་མིའི་འབྲེལ་གཏུག་ས་ཚུགས།”གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚུགས་སོགས་སྟེགས་བུ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏང་བ་དང་། འཐུས་མིའི་དཔྱད་ཞིབ་ལམ་སྲོལ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཐུས་མི་དང་འབྲེལ་གཏུག་བྱེད་པ། འཐུས་མི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུ་བ་སོགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ངས་མང་ཚོགས་ཆེད་དུ་དོན་དངོས་བསྒྲུབ་པའི”ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཁྲོད་ཏང་ཨུ་དང་སྲིད་གཞུང་གི་འདོད་ཚུལ་སྔར་ལས་ལེགས་པར་བརྒྱུད་སྤྲོད་བྱེད་པ་དང་གཞི་རིམ་མང་ཚོགས་ཀྱི་གནད་དོན་ཡར་ལ་ཞུ་དགོས། ཚད་གཞི་ནན་པོ་རྒྱུན་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། རང་རྟོགས་ངང་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཟབ་ཏུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དང་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་འཁྱོལ་བྱེད་པ་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་གང་ཐུབ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་འདོད་པ། རུལ་སུངས་དྭངས་གཙང་དང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

ཧྲེན་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁུལ་ཨུ་ལྷན་གྱིས་སྔར་བཞིན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་མི་དམངས་འཐུས་ཚོགས་ཀྱིས་འགན་འཁྲི་བསྒྲུབ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་ཡོད། ཏང་ཨུ་རིམ་པ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ཏེ། མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས། “སྲིད་གཞུང་གཅིག་ལ་ཨུ་ལྷན་གཅིག་དང་ཁང་གཉིས”དང་རིམ་པ་ཁག་དང་སྡེ་ཁག་ཁག་གིས་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་ལག་བསྟར་ནན་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པར་གཞོགས་འདེགས་བྱེད་པ་དང་། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་སེང་ཞུས། འཐུས་མི་རྣམ་པས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་གཅེས་སྤྲས་ཆེན་པོ་བྱེད་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ལ་དཔེ་བཟང་བརྩི་སྲུང་ཞུ་བ་དང་། འགན་འཁྲི་ནན་ཏན་གྱིས་བསྒྲུབ་པ། ཐེངས་འདིའི་གྲོས་ཚོགས་ཀྱི་སྙིང་དོན་སྣེ་ཁྲིད་ནས་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁག་ཐུན་མོང་ཐོག་དོན་འཁྱོལ་བྱ་དགོས། བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་མི་དམངས་ཀྱི་ཆེད་དུ་བྱེད་པའི”འགན་འཁྲི་འགན་འཁུར་བ་གསལ་སྟོན་བྱ་དགོས། ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། དཀར་མཛེས་ཡན་ལག་དམག་ཁུལ། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ལས་རིགས་སློབ་གྲྭ། དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་བཅས་ཀྱི་མགོ་ཁྲིད། དཀར་མཛེས་སུ་བཅའ་སྡོད་ཀྲེ་ཅང་ལས་དོན་རུ་ཁག་གི་མགོ་འཛིན། ཁྲེང་ཏུའུ་དཀར་མཛེས་རོགས་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་འགན་འཁུར་བློ་མཐུན་གདན་ཞུ་ལྟར་ཚོགས་འདུར་ཞུགས་པ་དང་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས། མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་མིན་པའི་ཁུལ་ཨུ་ལྷན་གྱི་ལས་དོན་ལས་ཁུངས(ཐད་གཏོགས་དོན་ལས་སྡེ་ཚན་ཚུད་ཡོད)དང་མང་ཚོགས་ཚོགས་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་དང་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ། ཁུལ་རིམ་པའི་སྡེ་ཚན་གྱིས་དོ་དམ་བྱེད་པའི་དོན་ལས་སྡེ་ཚན་གྱི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་དཔུང་སྡེ་དང་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག་གི་འགན་འཁུར་བ། ཞིང་ཆེན་གྱི་གཙོ་གཉེར་དང་ཞིང་ཆེན་དང་ཁུལ་གཉིས་ཀྱིས་འགོ་ཁྲིད་བྱེད་པའི་དར་མདོར་བཅའ་སྡོད་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་ཁག་གཅིག་གི་རྫོང(གྲོང་ཁྱེར)མགོ་གཙོ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲིམས་ཁང་གི་མགོ་གཙོ། ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་དང་དེ་བཞིན་ཁུལ་དོ་དམ་རྒྱལ་ཁབ་ལ་དབང་བའི་རིམ་པ་དང་པོའི་ཁེ་ལས་གཙོ་གནད་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།།

(སྐལ་ཐུབ་དང་ཡེ་ཤེས། རྒྱ་མཚོ་བཅས་ཀྱིས་བྲིས།)