国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གདུང་སེམས་དབྱངས་ཀྱི་སྐྱེལ་མ།

ས་རྡོ་སྲུབ་ཀར་མི་རོའི་རེམ་གོག་མཐོང་།།

རི་ཀླུང་ཡོད་ཚད་ངུ་འབོད་ཆོ་ངེས་བཀང་།།

འདུ་འབྲལ་སྡུག་གིས་ཁོང་ནས་གཟིར་བ་ཡི།།

ལ་སྟོད་དིང་རི་མི་ཚོགས་སྙིང་རེ་རྗེ།།

གསོན་བྲལ་སྡུག་གི་མཆི་མ་ཁོང་ནས་འཁྲུགས།།

ཡུལ་གཞིས་སྡོད་ཁང་མིང་གི་ལྷག་མར་གྱུར།།

དྭ་ཕྲུག་ཡུགས་མོའི་ས་སྟེང་གང་བ་ཡི།།

གོད་ཆག་སེམས་ལ་གཟན་ནོ་དིང་རི་བ།།

ལྷག་པ་ཤུར་ཤུར་ལྡང་བའི་རི་སུལ་ན།།

བུ་ཚ་མགོན་མེད་ངུ་བཞིན་གཅེར་བུར་རྒྱུ།།

མ་ཤི་དམྱལ་བའི་ལོ་རྒྱུས་ཐུང་ངུ་དེས།།

སྤུན་ཟླའི་སེམས་ལ་རྨ་ཁ་བཟོད་མེད་གཏོད།།

ནོར་འཛིན་འདར་ཁྱོམ་ཞིག་གི་གྲུ་ཁ་ནས།།

ཚེ་སྲོག་མར་མེ་རླུང་གིས་བདས་པ་ཡི།།

ལས་ཀྱི་གོད་ཆག་ལྕི་བའི་དིང་རི་བ།།

ཕྱག་ན་ཤེལ་དཀར་འཆང་བའི་ལྷ་དེས་སྐྱོབས།།

བེམ་གོག་རྡོ་ཁང་འོག་ཏུ་མནན་ན་ཡང་།།

བར་དོའི་རྣམ་ཤེས་ཐོགས་རེག་བྲལ་བའི་སྐབས།།

མྱུར་སྐྱོབ་ལས་ལ་བྲེལ་བའི་དངངས་ཚབ་དེས།།

ནང་སེམས་ལྷག་ཏུ་སྐྱོ་འམ་དིང་རི་བ།།

ཚེ་གཅིག་ལས་ཀྱིས་བསྡུས་པའི་ཉེ་དུ་དག།

མིག་ཆུས་ངོ་གདོང་ཡོངས་སུ་བརླན་པའི་སྐབས།།

འཇིགས་རུང་དུར་སའི་བྲག་ལ་མགོ་སྔས་ཏེ།།

མིག་ཆུའི་རླབས་ཕྲེང་འཕྱུར་རམ་དིང་རི་བ།།

མི་ཡི་མི་ཚེ་ཆུ་ཡི་ལྦུ་བ་འདྲ།།

རྒྱུ་འབྱོར་ལོངས་སྤྱོད་བྱེ་མའི་མཆིང་བུ་འདྲ།།

ཞེན་ཆགས་ཡིད་ལུས་ཕངས་སེམས་མི་ཆེ་བར།།

བདེ་བར་བཞུད་ཅིག་ང་ཡི་སྤུན་སྲིང་ཁྱུ།།

དགུན་རླུང་ཐོལ་གྱིས་ལྡང་བའི་ས་སྲོད་དེར།།

བཀྲེན་པ་མུ་གེའི་སྟེང་གི་ཟླ་ལྷག་དེའི།།

སེམས་ངལ་ཅ་ཅོ་འདོན་པའི་བན་ཧྲུལ་ངས།།

ཁྱེད་ལ་གདུང་སེམས་དབྱངས་ཀྱི་སྐྱེལ་མ་ཞུ།།

གནག་སྣུམ་སྐྲ་ཡི་གཟར་བུ་བཅད་ནས་བཟུང་།།

འཚེ་མེད་ལྟ་སྤྱོད་སྐྱོང་བའི་དགེ་རྩ་དང་།།

དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་པ།།

ཁ་སེམས་བསམ་པའི་གཏིང་ནས་ཁྱེད་ལ་བསྔོ།།

འདི་ཡི་ཕན་འདོགས་ཟབ་ཁྱད་ཅི་ཡང་རུང་།།

བསམ་དཀར་ཡུག་གཅིག་མཚོན་པའི་དན་རྟགས་ཏེ།།

ཟང་ཟིང་འབྱོར་བའི་དཔལ་གྱི་ལང་ཚོ་ནི།།

མི་རྐྱང་དབུལ་པོ་བདག་ལ་ཅི་ཡང་མེད།།

འོན་ཀྱང་ཏང་སྲིད་བཟང་པོའི་བཀའ་དྲིན་དང་།།

གཏོང་ཕོད་ཅན་གྱི་དྲྭ་གྲགས་སྐར་ཆེན་ཚོར།།

ཡི་རང་སེམས་ཀྱི་སྨོན་པ་འཁྲུངས་བཞིན་དུ།།

རྣམ་རྟོག་འགྱུ་ཆ་སྟོང་གི་བར་གླགས་ནས།།

གདུང་སེམས་མཉམ་བསྐྱེད་ཞུ་མཆིད་འདི་རེ་ཐལ།།

༼ འབྲུག་ལྗང་ལོ། ༽