国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གདུང་སེམས་མཉམ་སྐྱེད་བྱེད་དོ་དིང་རི་བ།

ད་ནངས་ཞོགས་པར་ང་རང་མལ་ནས་སད་དུས་གནམ་གཤིས་ཀྱི་འཁྱག་ཚད་ཇེ་དམའ་རུ་སོང་འདུག། འོན་ཀྱང་། གནམ་ངོ་ནི་རབ་རིབ་ཅིག་སྟེ་གང་ཞིག་དང་ཁ་བྲལ་མི་འདོད་པའམ། ཡང་ན་ཅི་ཞིག་བློས་མི་ཐོངས་བ་དང་འདྲ་བར་སྐྱོ་གདུང་གི་བཟོ་ལྟ་ཞིག་བསྟན་ནས་འདུག། ངས་ཀྱང་དུས་རྒྱུན་ཞོགས་པ་རེ་རེར་དྭངས་གཙང་ཡིན་པའི་གནམ་གཤིས་དེར་ལྟ་བཞིན། དེ་རིང་ཅིའི་ཕྱིར་རབ་རིབ་དང་སྐྱོ་སྣང་ཅན་ཞིག་ལ་འགྱུར་དགོས་པར་བསམ་གཞིག་བཏང་། དེ་རིང་ཞོགས་པར་གནམ་གཤིས་ནི་ཤིན་ཏུ་བཙོག། དེ་ནི་ཤིན་ཏུ་སྙིང་ཉེ་བའི་མི་བུ་ཞིག་དང་གློ་རྡེག་ཏུ་གཏན་བྲལ་བྱུང་བ་དང་མཚུངས། མཐོང་ཙམ་ཉིད་ནས་སྐྱོ་སྣང་ཞིག་འགོག་ཐབས་མེད་པར་སྟེར་བྱུང་།

ངས་ཁ་ལག་གཙང་མ་ཞིག་བཀྲུས་ཤིང་། ནངས་ཇ་ཞིག་འཐུང་ཞོར་སྐད་འཕྲིན་གྱི་གྲོགས་ཚོམས་སུ་མིག་ཉུལ་ཞིག་བྱེད་སྐབས། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ༦.༨བརྒྱབ་ཡོད་པ་ཤེས་བྱུང་། དིང་རི་བ་ཞེས་པའི་ས་ཆ་དེ་ངས་སྔོན་ནས་ཐོས་མྱོང་ཡོད། དེ་ནི་ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི(ཞལ་གདམས་དིང་རི་བརྒྱ་རྩ་མ་ལས།)“འདུས་པའི་སྔ་དྲོ་འབྲལ་བའི་བརྡ་ཞིག་བྱུང་། །འདུ་འབྲལ་སེམས་ལ་གཟན་ནོ་དིང་རི་བ། །”ཞེས་གསུངས་པའི་གདམས་པ་དེ་དག་ནི་ཆུང་དུས་ནས་ཐོས་མྱོང་ལ་ད་ལྟ་ཡང་ངའི་བློ་ངོར་ན་ཤར་ནས་འདུག། ས་ཡོམ་བྱུང་བའི་གཏམ་ངན་དེ་ཐོས་འཕྲལ། ངའི་མགོ་ཐོག་ལ་གློ་རྡེག་ཏུ་ཆུ་འཁྱག་ཟོམ་གང་བླུགས་པ་དང་མཚུངས། ལུས་ཀྱི་ག་ཤེད་ཅིག་ནས་འཁྱག་སྣང་གཟོད་ཐབས་བྲལ་བ་ཞིག་སྐྱེས་བྱུང་། དིང་རི་རུ་ང་ལ་ངོ་ཤེས་ཀྱི་གྲོགས་པོ་གཅིག་ཀྱང་མེད་ན་ཡང་། ངེད་ཚོ་ཚེ་རབས་དུ་མ་ནས་འབྲེལ་བ་དམ་ཟབ་ཅིག་ཡོད་པས་ཡིན་ནམ། ཡང་ན་རིགས་གཅིག་གྲོགས་པོ་ཡིན་པས་རྐྱེན་ཡིན་ནམ། སེམས་ནང་ནས་འགོག་ཐབས་བྲལ་བའི་མིག་ཆུ་ཤམ་ཤམ་བཞུར་བྱུང་། ད་ནངས་ཞོགས་པར་གནམ་གཤིས་ཀྱང་རབ་རིབ་དང་སྐྱོ་སྣང་ཅན་ཞིག་ཡིན་པའི་ནང་དོན་ངས་གཟོད་ནས་ཤེས་བྱུང་། དེ་ནི་དིང་རི་རུ་ས་ཡོམ་བྱུང་བ་དང་འབྲེལ་བ་དམ་ཟབ་ཡོད་དམ་སྙམ་བྱུང་།

གྲོགས་ཚོམས་སུ་དིང་རི་རུ་ས་ཡོམ་བྱུང་བའི་གསར་འགྱུར་དག་ཤར་མར་སྤེལ་བཞིན་འདུག་ལ། ཐོགས་དང་པོའི་གསར་འགྱུར་ནང་དུ་མི་བཅུ་ཁ་ཞིག་གྲོངས་འདུག་ཟེར་ལ། དེ་རྗེས་ཅུང་ཙམ་འགོར་རྗེས་མི་སུམ་ཅུ་གྲོངས་འདུག་ཅེས་སྤེལ་བྱུང་། ཡང་དུས་ཚོད་འགའ་འགོར་རྗེས་མི་ལྔ་བཅུ་ལྔ་གསུམ་གྲོངས་འདུག་ཟེར། དེ་ལས་ཀྱང་དུས་ཚོད་ཁ་ཤས་སོང་རྗེས་མི་བརྒྱ་དང་ཉེར་དྲུག་གྲོངས་འདུག་པ་མཐོང་། ངས་དེ་དག་མཐོང་འཕྲལ་གྲོགས་ཚོམས་སུ་ལྟ་བཟོད་བྲལ་སོང་། ཤི་རྨས་བྱུང་བའི་མི་དག་ནི་དུས་ཚོད་རེ་རེ་ནས་ཇེ་མང་འགྲོ་བཞིན་འདུག་པས། ངས་ངོ་མ་སེམས་ནས་བཟོད་ཐབས་བྲལ་སོང་། ང་རང་ཚོང་ཁང་དུ་སོང་ནས་མཆོད་མེ་འགའ་ཉོས་ཏེ། འདས་གྲོངས་སུ་གཤེགས་པའི་རིགས་གཅིག་སྤུན་ཟླ་ཡོངས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས། དེ་དང་ཆབས་ཅིག་རྨས་སྐྱོན་བྱུང་བའི་གྲོགས་པོ་ཡོངས་དང་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་དག་ཐལ་བ་རྡུལ་དུ་བརླགས་སོང་བ་དག་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་བྱས།

འུ་ཅག་གི་མི་རིགས་ནི། པགས་ཚ་རུའི་དགུན་བསྐྱལ་རུང་བྱམས་བརྩེ་བ་བོར་བ་མེད་པའི་མི་རིགས་ཟེར་ན་དངོས་གནས་གནད་ལ་ཁེལ་བ་ཞིག་རེད་ཡ། དཔལ་འབྱོར་གྱིས་རོགས་རམ་གནང་མི་ཐུབ་པ་དག་གིས་མ་ཎི་དང་མཆོད་མེ་སོགས་ཀྱིས་འདས་གྲོངས་སུ་ཕེབས་པ་དག་ལ་མྱ་ངན་ཞུ་བཞིན་འདུག་ལ། དཔལ་འབྱོར་དང་ནུས་པ་ཡོད་མཁན་དག་གིས་མི་སྒེར་གྱིས་གཉེར་བའི་ཟོག་འདྲེན་རླངས་འཁོར་ཁྱུ་ལ་ཁྱུ་མཐུད་བྱས་ནས་དངོས་ཟོག་གིས་རོགས་སྐྱོར་གནང་བཞིན་འདུག། ད་ཐེངས་དིང་རི་ལ་གོད་ཆག་གནམ་འདྲ་ཞིག་བྱུང་ཡོད་ན་ཡང་། སྙིང་ཉེ་བའི་རིགས་གཅིག་སྤུན་ཟླ་ཡོངས་ནམ་ཡང་དིང་རི་བའི་རྒྱབ་ལ་འདུག་པས་དིང་རི་བའི་ཡུལ་མི་སྤུན་ཟླ་ཡོངས་ཀྱིས་སེམས་གཅོང་ཆེ་ཆེར་མི་བྱེད་རོགས།

དིང་རི་བའི་ཡུལ་མི་དག་ལ་གོད་ཆག་གནམ་ལ་མི་ཤོང་བ་ཞིག་བྱུང་ན་ཡང་། ཚང་མ་མཉམ་གཅིག་ཏུ་འཚོགས་ནས་ཁ་ཤས་ཀྱིས་ཕྱག་འཚལ་བཞིན་འདུག་ལ། ཡང་ཁ་ཤས་ཀྱིས་ལག་ཏུ་འཁོར་ལོ་བཟུང་ནས་ངག་ནས་མ་ཎི་འདོན་བཞིན་འདུག། དེ་ནི་ཕ་དམ་པ་སངས་རྒྱས་ཀྱི་གདམས་ངག་སྟེ། ཕྱི་མའི་ཡུལ་ན་གཉེན་བཤེས་ཉུང་བ་ཡིན། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། །ཞེས་དང་།བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ཀྱིས་འབྱུང་ངོ་དིང་རི་བ། །ཞེས་དང་།སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད། །གྲུ་གཟིངས་ད་ལྟ་ཚུགས་ཤིག་དིང་རི་བ། །ཞེས་དང་།མེ་ཏོག་སྔ་སོ་ལེགས་ཀྱང་ཕྱི་སོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །ཞེས་སོགས་ཀྱི་གདམས་ངག་ཟབ་མོ་དེ་དག་སེམས་ལ་ཡོད་པས་ཡིན་སྲིད་དེ། དེ་མིན་ན་མྱ་ངན་གྱིས་གདུང་བའི་མི་བུ་དག་ལ་སེམས་ཤུགས་དེ་འདྲ་ཞིག་གང་ནས་འབྱུང་ཐུབ་ཨང་། སྙིང་ཉེ་བའི་དིང་རི་བའི་ཡུལ་མི་རྣམ་པ་ཤུགས་རྒྱོབས། བློ་མ་ཕམ། སེམས་མ་ཞུམ། རྒྱ་ཆེ་བའི་སྤུན་ཟླ་རྣམ་པས་སེམས་ཁུར་དང་སྨོན་ལམ་མཐའ་དག་ཁྱེད་ཚོའི་ཕྱོགས་ལ་ཡོད་དོ་དིང་རི་བ།

༼ ཚོར་སྦྲང་། ༽