གཅེས་པའི་ཚེ་སྲོག་འཇིག་པས་ཡོངས་སུ་བསྒྲིལ་ཏེ།།
ཉེ་བའི་བཟའ་ཚོ་མི་རྟག་ཁ་བྲལ་བཏང་དུས།།
ཅི་བྱ་གཏོལ་མེད་ངང་དུ་ལུས་པའི་བུ་མོས།།
མ་བཅོས་ཤུགས་འབྱུང་གླུ་ཞིག་ལེན་ན་འདོད་སོང་།།
ལ་ལ་འཇིག་རྟེན་འདི་ཡི་ཕ་རོལ་ཆས་སོང་།།
འགའ་ཞིག་སྨན་ཁང་རིམ་པའི་སྟེང་འོག་ཉུལ་ཏེ།།
ཡང་འགའ་ཤི་གསོན་གྱེས་པའི་གཡང་ས་དེ་རུ།།
ངུ་འབོད་གཤའ་མ་འཐེན་ཏེ་ལུས་འདི་སྐྱོ་ཨང་།།
བར་ཐག་རི་ཆུས་བཅད་པའི་ཡུལ་གྲུ་ཞིག་ནས།།
གཤིན་པོའི་ས་ལམ་ཡང་བའི་བསྔོ་སྨོན་རེ་དང་།།
གསོན་པོ་བདེ་བར་གནས་པའི་སྐུ་རིམ་བཅས་སོགས།།
དིང་རི་སྤུན་ཟླའི་སྐྱིད་སྡུག་ལྷ་ལ་བཅོལ་ཡོད།།
འབྱུང་ཁམས་དགྲ་རུ་ལངས་བའི་དུས་ངན་སྙིགས་མའི།།
རིགས་གཅིག་སྤུན་ཟླའི་ངོ་གདོང་ཉམ་ཞིང་ཐག་པ།།
མིག་གི་ཡུལ་དུ་མངོན་དང་ཐོས་བཞིན་པ་ཡི།།
སྐྱོ་བའི་ངུ་ངག་ང་ཡི་རྣ་བར་ལྷུང་བྱུང་།།
གནམ་ས་རྡུལ་གྱིས་བཀབ་པའི་ཐང་སྟོང་ཞིག་ཏུ།།
འཚོ་བ་ཐབས་ཆག་ཅིག་གི་ཐབ་རྡོ་བསྒྲིགས་ཏེ།།
ཐམས་ཅད་དྲན་པ་འཐོར་བའི་ཚུལ་དེ་མཐོང་དུས།།
ང་ཡི་སེམས་ལ་སྡུག་བསྔལ་ལྷག་མ་སྐྱེས་བྱུང་།།
ཁང་གཞིས་ཐལ་བར་འདྲེས་པའི་ཁ་སང་དེ་རིང་།།
འཁྱག་ལྟོགས་སྐོམ་གྱིས་གདུང་བའི་རང་རིགས་སྤུན་ཟླས།།
འདུ་འབྲལ་ལས་ཀྱིས་གདུག་རྩུབ་རེ་རེའི་འོག་ནས།།
མ་ཤི་དམྱལ་བའི་ལོ་རྒྱུས་དངོས་སུ་མྱོང་འདྲ།།
འུ་ཅག་འདྲིས་པའི་ལོ་ཟླ་བགྲང་རྒྱུ་མེད་མོད།།
ཤ་རུས་འབྱུང་ཁུངས་གཅིག་པའི་ཞེན་ཆགས་འདི་ཡིས།།
གདུང་སེམས་མཉམ་སྐྱེད་ཅེས་པའི་ཚིག་འདི་ཁུར་ཏེ།།
སྨོན་ལམ་གཙང་མའི་སྐྱབས་འཇུག་ལྐོག་ནས་ཞུས་ཡོད།།
བསླུ་མེད་མཁྱེན་གཟིགས་ཡངས་པའི་བྱང་སེམས་ཚོགས་ཀྱིས།།
ཤུལ་ལུས་སྤུན་ཟླའི་དཀའ་སྡུག་ཕྲ་རགས་བསལ་ཏེ།།
འདས་པོའི་རྣམ་ཤེས་ནུབ་ཕྱོགས་བདེ་ཆེན་ཞིང་དུ།།
ཀྱེ་ཀྱེ་སྐད་ཅིག་ཉིད་ལ་ལམ་ཁ་དྲངས་མཛོད།།
༼ མཱ་ལིན་ནཱ། ༽