དིང་རི་བ། ཁ་སང་།
ཇོ་མོ་གླང་མའི་དབུ་སྐྲ་ས་ལ་ཉིལ་བྱུང་།
ཆུ་མོ་གངྒའི་སྙིང་སྟོབས་འུར་གྱིས་གཏམས་སོང་།
མི་སེམས་གསེར་གྱི་བུམ་ཆུང་མཆི་མས་བརླན་སོང་།
གཞིས་ཁྱིམ་དྲོན་མོ་སྲོག་གི་གཤེད་མར་གྱུར་སོང་།
སེམས་མ་ཕམ། ཡིད་མ་སྐྱོ།
ང་ཚོས་གདུང་སེམས་མཉམ་བསྐྱེད་དང་།
སྤོབས་པ་གཅིག་མཐུན་བྱས་ནས།
སྔར་བཞིན་མདུན་སྐྱོད་ཀྱི་གོམ་མཚམས་མི་འཇོག།
དིང་རི་བ།ཁ་སང་།
འབྲོག་རྫི་བུ་མོའི་གླུ་སྐད་ཙག་གིས་བསྡམས་སོང་།
ཕུ་ནུ་སྤུན་ཟླའི་ཚེ་སྲོག་བཙན་གྱིས་འཕྲོག་སོང་།
ཕ་ས་གསེར་གྱི་ལུང་པ་སྡུག་གིས་གང་སོང་།
མྱ་ངན་མུན་པའི་རྨུ་ཐག་ས་ལ་འཐེན་སོང་།
སེམས་མ་ཕམ། ཡིད་མ་སྐྱོ།
ང་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་བཞིན།
བཀའ་དྲིན་གྱི་སེམས་ཤུགས་གཅིག་ཏུ་རུམ་ནས།
སྐྱིད་སྡུག་གི་རྟ་ཕོ་མཉམ་དུ་བཞོན།
དིང་རི་བ། ཁ་སང་།
དམར་ཆུང་སྲོག་ལ་གཡོར་རས་ནག་པོ་འཐེན་སོང་།
ལྷིང་འཇགས་རི་ལ་ལས་ཀྱི་བུ་ཡུག་འཚུབས་སོང་།
ཉམ་ཆུང་མི་ལ་སྡུག་གི་ནམ་མཁའ་གསལ་སོང་།
སྨྲེ་ངག་སྟོང་གིས་ས་གཞི་ཡོམ་ཡོམ་འགུལ་སོང་།
སེམས་མ་ཕམ། ཡིད་མ་སྐྱོ།
ང་ཚོས་ཤི་བོ་ལ་མྱ་ངན་དང་།
གསོན་པོ་ལ་རྡོག་རྩ་གཅིག་སྒྲིལ་བྱས་ནས།
གཞིས་ཁྱིམ་དྲོན་མོ་སླར་གསོ་བྱེད།
དིང་རི་བ། ཁ་སང་།
གངས་རི་དཀར་པོར་ཉི་མ་ནག་པོ་བྲིས་སོང་།
གཡང་ཆགས་འཁོར་བ་སྡུག་གིས་མཚོ་མོ་འཁྱིལ་སོང་།
དིང་རིའི་ཡུལ་ལུང་ཤི་གསོན་འཐབ་ར་ཆགས་སོང་།
ངུ་འབོད་སྟོང་གིས་གཞིས་ལ་རྡོ་རིང་བསླངས་སོང་།
སེམས་མ་ཕམ། ཡིད་མ་སྐྱོ།
ང་ཚོས་མཛའ་བརྩེ་ཡི་དཔུང་རྡང་སྦྲེལ་བཞིན།
དད་འདུན་གྱི་མཆོད་མེ་བསྒྲོན་ནས།
མི་སེམས་ལ་བདེ་སྐྱིད་བསྐྲུན།
༼ གངས་ཟླ་གསལ། ༽