བདེ་དྲོད་ཀྱི་ཉི་འོད་མ་འཆར་གོང་།
ས་ཆེན་པོ་འགུལ་ཐེངས་གཅིག་གིས།
དྭངས་གཙང་གི་ཕ་གཞིས་དྲོན་མོ། དིང་རི།
མིག་རྡེབ་ཅིག་གི་ཡུན་ལ་ཤུལ་མེད་དུ་བཏང་སོང་།
ངའི་ཕུ་ནུ་མིང་སྲིང་ཚོ།
དགུན་གྱི་གྲང་ལྷགས་དེའི་ཁྲོད་དུ།
ལུས་སེམས་ཅི་འདྲའི་འཁྱག་ཨང་།
ནམ་ལངས་མ་ཐག།
ཐལ་རྡུལ་གྱི་ཁྲོད་ནས།
ངུ་ངག་གི་གདུང་དབྱངས་འཐེན།
སྐྱོ་དུབ་ཀྱི་མིག་ཆུ་བཞུར།
ཚེ་སྲོག་གི་མེ་ཏོག་བཅོམ།
བཟའ་ཚང་གི་འདབ་ཁ་འཐོར།
ཁྱིམ་བཤིག་དུར་ས་རུ་གྱུར་ནས།
ཅི་བྱ་གཏོལ་མེད་དུ་ལུས་པའི་ངའི་སྙིང་ཉེ་ཚོའི་་་
ལག་མཐིལ་དང་ཞལ་རས་ཁྲག་གིས་བརྫད་འདུག།
ཨ་ཨ།
གོ་ཐོས་མེད་པའི་གྲོང་བརྡལ་ཆུང་ཆུང་དེ།
གློ་བུར་ཉིད་དུ།
སྐད་ངན་དང་སྙིང་གི་ཟུག་གཟེར་གྱི་ཁྲོད་ནས་ངོ་ཤེས།
ཞིག་རལ་དུ་ལུས་པའི་གྱང་འཁར་གྱི་འོག་ན།
ཐལ་བས་སྦག་པའི་ཁྱོད་ཚོའི་ངོ་གདོང་རེ་རེ།
ཕངས་སེམས་ཀྱི་ཁྲོད་ནས་ངས་རིག་བྱུང་།
སྔ་དྲོ་དེར།
བརྩེ་བའི་ཡུམ་ཆེན་དང་སྙིང་གི་བུ་ཕྲུག།
སོ་ཕག་ཞིག་རོའི་འོག་ཏུ།
ངས།
ཁྱོད་ཚོས་འཐམ་འཁྱུད་དམ་པོར་བྱས་ནས་
ཉལ་འདུག་པ་མཐོང་བྱུང་།
ངས།
སེམས་གཏིང་ནས་ཁྱོད་ཚོའི་རྨི་ལམ་དེ་
བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།
༼ གློག་འོད། ༽