国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་སྤོས་བཟོ་བའི་ལག་རྩལ་བརྒྱུད་འཛིན་བྱས།། མང་ཚོགས་ཕྱུག་འགྱུར་ལམ་བུར་དྲི་ཞིམ་འཐུལ།།

དབང་འདུས་ཀྱིས་བོད་སྤོས་བཟོ་བཞིན་པ།

དབང་འདུས་ཀྱི་ཁྱིམ་མི་ཚོས་བོད་སྤོས་ཀྱི་མ་བཅོས་རྒྱུ་ཆ་གཙང་སེལ་བྱེད་བཞིན་པ།

དབང་འདུས་ཀྱིས་བོད་སྤོས་ཚད་ལོན་གནས་ཚུལ་ཞིབ་བཤེར་བྱེད་བཞིན་པ།

བོད་སྤོས་ནི་མཐོ་སྒང་གི་རྩ་ཆེ་ལ་དཀོན་པའི་སྨན་རྫས་དང་རང་བྱུང་གི་དྭངས་གཙང་དང་དྲི་ཞིམ་གྱི་བསུང་རྫས་བསྡུར་ཚད་ལྟར་བཟོས་པ་ཞིག་ཡིན་ལ། ལོ་ངོ1300ལྷག་གི་དུས་ཚོད་བརྒྱུད་ནས་ད་བར་བརྒྱུད་འཛིན་ཐུབ་ཡོད་པ་རེད། བོད་སྤོས་ཀྱི་ནང་དུ་སྨན་རྫས་ཀྱི་གྲུབ་ཆ་འདུས་ཡོད་པས། ངལ་དུབ་སེལ་བ་དང་སེམས་ཁམས་བདེ་ཐང་སོགས་ཀྱི་ཕན་ནུས་ལྡན་པས་ཚང་མའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

དཔལ་ཡུལ་རྫོང་རག་ཁྱབ་ཡུལ་ཤོག་ཤོད་གདོང་གྲོང་སྡེའི་དབང་འདུས་ཀྱི་ཁྱིམ་ཚང་ནི་མི་རབས་ནས་མི་རབས་བར་བོད་སྤོས་བཟོ་བ་ལས་རིགས་སུ་བརྩིས་ནས། མི་རབས་བཞི་པོས་བརྒྱུད་འཛིན་བརྟན་སྲུང་བྱས་པ་བརྒྱུད། ད་ཆ་ཁྱིམ་ཚང་བཟོ་ཁང་གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན། ཐོན་ལས་ཅན་བཅས་ཀྱི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད་པ་རེད།

བོད་སྤོས་ཐོན་སྐྱེད་བཟོ་ཁང་དུ་སྐྱོད་སྐབས་འཕྲུལ་ཆས་ཀྱི་སྒྲས་ཁེངས་པ་དང་བོད་སྤོས་ཀྱི་དྲི་ཞིམ་གང་སར་འཐུལ། སྐབས་དེ་དུས་དབང་འདུས་ཀྱི་ནང་མི་ཚང་མ་བཟོ་ཁང་དུ་ལས་ལ་བྲེལ་བཞིན་ཡོད་པས། སྨན་རྫས་ཞིབ་བརྡར་དང་མ་བཅོས་རྒྱུ་ཆ་ལས་སྣོན་བྱེད་པ་ནས་ཉི་སྐམ་གཏོང་བ་དང་སྒམ་བླུགས་ཐུམ་སྒྲིལ་བར་རང་རང་སོ་སོའི་ལས་བགོས་ཁ་གསལ་དང་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པ་ཞིག་ཡིན་པ་རེད། དབང་འདུས་ཀྱིས་མ་བཅོས་རྒྱུ་ཆ་གསོག་འཇོག་ཁང་དང་མ་བཅོས་རྒྱུ་ཆ་ལས་སྣོན་ཁུལ། བོད་སྤོས་ཐོན་སྐྱེད་ཁུལ། ཐོན་རྫས་སྐམ་གཏོང་ཁུལ། བོད་སྤོས་ཐུམ་སྒྲིལ་ཁུལ་བཅས་ཀྱི་བོད་སྤོས་ཐོན་སྐྱེད་ཀྱི་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་རིམ་པ་བཞིན་ངོ་སྤྲོད་བྱས་པ་དང་།ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་སྤོས་ཐོན་སྐྱེད་བྱས་རྗེས་ཉེ་འཁོར་གྱི་ཡུལ་ཤོག་དང་རྫོང་གྲོང་དུ་འཚོང་གི་ཡོད་པས་བྲིན་ཁ་རྒྱུག་ལ་ཡོང་འབབ་ཡང་མང་པོ་ཡིན་པ་རེད།

གུ་དོག་པའི་ཁྱིམ་ཚང་བཟོ་ཁང་ནི་དབང་འདུས་ཀྱི་ཁྱིམ་ཚང་གི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཞིག་ཡིན་ལ། ཞོལ་མདོ་གྲོང་སྡེ་དང་དེའི་མཐའ་འཁོར་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བྱེད་པའི“ལས་སྟེགས་ཆེན་པོ”ཞིག་ཀྱང་དེ་བས་ཡིན། དེ་ནི་རག་ཁྱབ་ཡུལ་ཤོག་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལས་བྱུང་ཞིང་། སྨན་རྩྭ་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྤུས་ཚད་ཀྱང་ལེགས་པས། ལོ་ལྟར་སྨན་རྩྭ་་རྐོ་བའི་དུས་ཚིགས་སུ་དབང་འདུས་ཀྱིས་ཡུལ་མི་ཚོས་རྐོ་བའི་སྨན་རྩྭ་འབོར་ཆེན་ཉོས་པ་དང་། དེ་ལས་མང་ཚོགས་ཀྱིས་བརྐོས་པའི་སྨན་རྩྭའི་ཚོང་ལམ་གྱི་གནད་དོན་ཐག་གཅོད་ཐུབ་པས་མང་ཚོགས་ཀྱི་སྒོ་རྩ་ནས་འབབ་འཕར་ཡོང་རོགས་བྱས་པར་མ་ཟད། རང་ཉིད་ཀྱི་བོད་སྤོས་ཀྱི་རྒྱུ་ཆའི་སྤུས་ཚད་ཀྱང་འགན་ལེན་ཐུབ་པ་རེད། གཞན་ཡང་ལོ་ལྟར་ཞིང་དལ་གྱི་དུས་སུ་དབང་འདུས་ཀྱིས་ཉེ་འཁོར་གྱི་ན་གཞོན་སྒྲིག་འཛུགས་བྱས་ཏེ་རང་ཁྱིམ་ནས་བོད་སྤོས་བཟོ་བའི་ལག་རྩལ་སྦྱོང་བ་རེད། ཁོང་གིས་ན་གཞོན་རྣམས་ངའི་སར་ལག་ཤེས་སྦྱོང་བར་ཡོང་ཆོག། ལག་ཤེས་སྦྱངས་རྗེས་ཁོ་ཚོས་དེ་གར་མུ་མཐུད་ལས་ཀ་བྱེད་ཆོག་པ་དང་ཟླ་རེ་རེར་ངས་གླ་ཆ་སྤྲོད་ཀྱི་ཡོད་ལ་རང་ཉིད་ཀྱིས་ལས་གཏོད་བྱས་ནས་ཡོང་འབབ་མང་དུ་གཏོང་བའི་གདམ་ག་ཡང་བྱེད་ཀྱི་ཡོད་ཅེས་བོད་སྤོས་བཟོ་བཞིན་དེ་ལྟར་བཤད།

ད་ཆ་དབང་འདུས་ཀྱི་བུ་ཡང་ཁོང་དང་མཉམ་དུ་བོད་སྤོས་བཟོ་སྟངས་སྦྱངས་ནས་བོད་སྤོས་བརྒྱུད་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ཀྱི་ཐད་ནས་བསམ་བློ་གཏོང་ཕྱོགས་མང་པོ་འཁོར་ཞིང་། ཁོང་གིས་ང་ཚོའི་བོད་སྤོས་ནི་ཕ་མེས་བརྒྱུད་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ་མི་རབས་ནས་མི་རབས་བར་བརྒྱུད་འཛིན་ཐུབ་ཡོད། 2023ལོར་ངས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་དར་སྤེལ་གཏང་རྒྱུའི་སེམས་ཐག་བཅད་དེ་ཐོན་སྐྱེད་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་ལ་དྲིན་ལན་འཇལ་ཆེད་དང་ལྷག་པར་དུ་གྲོང་སྡེའི་ནང་གི་གཞོན་ནུ་ཚོར་ཡོང་འབབ་ཞིག་མཁོ་འདོན་བྱ་ཆེད། ངས་གྲོང་སྡེར་ལས་མི་བསྡུས་བར་མ་ཟད། ཁོ་ཚོས་རི་ལ་བརྐོས་པའི་སྨན་རྩྭ་དག་ཉོ་སྒྲུབ་བྱས་ཡོད། ངས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད་བོད་སྤོས་ཀྱི་སྤུས་ཚད་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་། བྲོ་བའང་སྔར་བས་ཞིམ་པས་ཚོང་མགྲོན་དེ་བས་མང་པོའི་ཡིད་དབང་བཀུག་ཐུབ་ཡོད། ད་ཆ་ལག་ཤེས་བཟོ་རྩལ་དེ་བརྒྱུད་འཛིན་བྱ་རྒྱུ་ནི་ང་རང་མི་སྒེར་གྱི་འགན་འཁྲི་ཞིག་ཡིན་པ་དང་། རང་ཁྱིམ་གྱི་བོད་སྤོས་ཐོན་ལས་སྐོར་གླེང་སྐབས་དབང་འདུས་ཀྱིས་ཕྱིན་ཆད་ཤུགས་ཡོད་རྒུས་བོད་སྤོས་གསར་བཟོ་བྱས་ནས་སྤུས་རྟགས་ཅན་དུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

དབང་འདུས་ནི་ང་ཚོ་གྲོང་སྡེའི་ཏང་མི་ཡིན་པས་ཐོག་མཐའ་བར་གསུམ་དུ་གྲོང་སྡེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་། ཁོང་གིས་མ་སྐུལ་དང་བླངས་ཀྱིས་ཕྱུག་འགྱུར་གྱི་སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱས་པར་མ་ཟད། ད་དུང་ལག་རྩལ་དེ་དག་སྦ་གསང་མེད་པར་ཡུལ་མི་ཚོར་བརྒྱུད་སྤྲོད་བྱས་པ་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་སྡེའི་ནང་གི་མི་མང་པོ་ཞིག་གིས་བོད་སྤོས་བཟོ་བའི་ལག་རྩལ་ཚོད་ལྟ་བྱས་པ་དང་།བོད་སྤོས་བཟོ་བའི་ལག་རྩལ་དེ་ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད་ལ། ཡུལ་མི་ཁག་གཅིག་ཁོང་གི་སྣེ་ཁྲིད་འོག་སྔ་མའི་ཡོང་འབབ་ཁེར་རྐྱང་ནས་མང་དུ་གྱུར་ཡོད། ཁོང་གིས་ད་དུང་བོད་སྤོས་ཕྱིར་ཚོང་གི་ཐབས་ལམ་འཚོལ་ཏེ་བོད་སྤོས་བཟོ་བའི་ལག་རྩལ་མཐོ་སྒང་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འཚོང་རྒྱུ་ཡིན་ལ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་མི་ཞིག་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། ཤོད་གདོང་གྲོང་སྡེའི་ཕྱུག་འགྱུར་ལམ་བུའི་ཐོག་གི་སྣེ་འཁྲིད་པ་གསར་པ་ཞིག་ཏུ་གྱུར་ཡོད། དབང་འདུས་ཀྱི་གནས་ཚུལ་གླེང་སྐབས་ཤོད་གདོང་གྲོང་སྡེའི་ཧྲུའུ་ཅི་དང་པོ་རྒྱ་མཚོ་བསྟན་འཛིན་གྱིས་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་རག་ཁྱབ་ཡུལ་ཤོག་གིས་བོད་སྤོས་བཟོ་བའི་ལག་རྩལ་དེ་གཟུགས་མེད་རིག་གནས་ཤུལ་བཞག་གི་འདུན་ཞུའི་ནང་བཞག་ནས་བརྒྱུད་འཛིན་དང་འཕེལ་རྒྱས་མཉམ་འཛིན་གྱིས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྩིས་ཡོད་ཅེས་བཤད་པ་རེད།

ཐོན་ལས་དར་ན་གྲོང་སྡེ་དར། ཉེ་བའི་ལོ་ཤས་རིང་དཔལ་ཡུལ་རྫོང་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པའི་རྒྱབ་ལྗོངས་འོག་གྲོང་སྡེའི“ཐོན་ལས་ཆུང་ངུ”མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པ་དང་།ཐབས་ལམ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་ཐེངས་མང་བྱེད་པའི་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིམ་བཞིན་གཞི་ཁྱོན་ཅན་དང་། སྤུས་རྟགས་ཅན། ཐོན་ལས་ཅན་བཅས་ཀྱི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཕྱུག་འགྱུར་གྱི“ལས་སྟེགས་ཆེན་པོར”གྱུར་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེ་རུ་བཏང་ཡོད་པ་རེད།།

( བདེ་སྐྱིད་ཀྱིས་བྲིས།)