(2024ལོའི་ཟླ་བ12པའི་ཚེས27ཉིན་གྱི《 ཁམས་པའི་འཛུམ་མདངས།》པར་ངོས་གཉིས་པའི་འཕྲོར་མཐུད།)
ཁ། སྤོ་ཐོ་རྡུང་པ། ལུད་ཞིང་ནང་དུ་བསྐྱས་རྗེས་སྤོ་ཏོ་བརྡུང་དགོས། དེ་བས་སྤོ་ཏོ་རྡུང་བ་ནི་དཔྱིད་ཀའི་ལས་ཀ་རིམ་པ་གཉིས་པ་ལྟ་བུར་ཆགས་ཀྱང་། མི་རྣམས་ཀྱིས་དུས་རྒྱུན་དུ་ལུད་ཁུར་བོང་རྡུང་ཞེས་ལུད་ཁུར་བ་དང་སྤོ་ཏོ་རྡུང་བ་གཉིས་ལས་ཀ་གཅིག་ཏུ་བལྟས་ནས་མིང་འབོད་སྲོལ་ཡོད། གཅིག་བྱས་ན་དེ་གཉིས་ལས་གང་སྔོན་དུ་བསྒྲུབ་པ་ནི་ཞིང་པ་ལ་སྟབས་གང་བདེ་ལས་ལོ་ཏོག་བཟང་ངན་ལ་ཕན་གནོད་མི་འབྱུང་བའི་དབང་གིས་ཡིན་ཡང་སྲིད། སྤོ་ཏོ་རྡུང་བ་ལ་ད་དུང་པོ་ཐོ་རྡུང་བ་དང་བོང་བ་རྡུང་བ། སྤོ་ཐོ་རྡུང་བ་སོགས་ཟེར་ཚུལ་མི་འདྲ་བ་ཁ་ཤས་ཡོད་ཅིང་། དེ་ལ་རྨོས་མ་ཐག་གི་སྤོ་ཐོ་རྡུང་བ་ལ་སྣུམ་པོ་རྡུང་བ་དང་རྨོས་ནས་ཡུན་རིང་པོར་སོང་བའི་པོ་ཐོ་སྐམ་པོ་རྡུང་བ་ལ་སྐྱ་བོ་རྡུང་བ་ཞེས་རིགས་གཉིས་སུ་ཕྱེ། རྡུང་བྱེད་ཀྱི་ལག་ཆ་སྤོ་གཏུལ་ལ་ལུང་པ་འདིའི་ཡུལ་ཕལ་མོ་ཆེར་བོང་ཐོ་ཟེར་ཞིང་། ཞིང་པ་ཚོས་ཉི་མ་གནའ་ནས་བོང་བ་རྡུང་བྱེད་ཁོ་ནའི་ཆེད་དུ་གསར་བཏོད་གནང་བའི་ཞིང་ཆས་སྲ་མཁྲེགས་ཅན་གྱི་ཤིང་གིས་བཟོས་པ་ཞིག་སྟེ། དེ་ནི་སྤོ་མགོ་དང་སྤོ་ཡུའམ་བོང་མགོ་དང་བོང་ཡུ་གཉིས་ལས་གྲུབ། སྤོ་མགོ་ནི་ཤིང་སྲ་མཁྲེགས་ཅན་སྟག་པ་དང་འོ་སེ་ཤིང་སོགས་ཀྱིས་བཟོས་ཤིང་དེ་ལ་སྣེ་མོ་གཉིས་ཀ་ཟླུམ་པོ་ཡིན་པ་ཞིག་དང་། སྣེ་གཅིག་ཟླུམ་པོ་དང་སྣེ་མོ་གཅིག་ས་འོག་ཏུ་འཛུལ་པའི་བོང་བ་གྱེན་དུ་སློང་བྱེད་དུ་བྱ་གླག་གི་མཆུ་ཏོ་ལྟར་རྩེ་མོ་རྣོ་ཞིང་ནང་དུ་གུག་པ་ཞིག་བཅས་རིགས་གཉིས་ཡོད། སྤོ་ཡུ་ནི་སྟག་པ་ཡིན།སྤྱིར་བཏང་ཡུལ་འདིའི་མི་ཚོ་ལ་ཤིང་སྲ་སྙི་དང་ལྕི་ཡང་གི་ཁྱད་པར་བརྟེན་ནས་སྟ་རེ་དང་། ལག་སྟ། ཐོ་བ། གཟོང་། ཡར་སྟ་མར་འཇོར་སོགས་ཀྱི་ཡུ་བ་ལ་རབ་ན་ཚ་རུ་དང་མ་བྱུང་ན་ཡང་སྟག་པ། འཇོར་བུ་དང་ཁེམ་དང་བོང་ཐོ་སོགས་ཀྱི་ཡུ་བ་ལ་སྟག་པ། དབྱུག་སྐོར་དང་། གཡབ་པ། ཡུར་འཇོར་སོགས་ཀྱི་ཡུ་བར་འབོ་ལོ་ཡིས་བྱེད་སྲོལ་ཡོད། པོ་ཐོ་སྐྱ་བོ་ནི་ཞིང་པ་ཚོས་ལོ་གསར་བཏང་རྗེས་ས་ཆུ་འཁེངས་ཞུ་བ་ནས་བརྡུང་མགོ་བརྩམས། ལོ་སྔ་མའི་སྟོན་རྨོས་སྐབས་སུ་རོལ་རྒྱ་ཆེན་པོ་དང་ས་གདིང་ཟབ་པོ་ནས་བསློགས་པས་པོ་ཐོ་སྐྱ་བོ་ནི་ཆེན་པོར་ཡོད་པར་མ་ཟད་དགུན་གཅིག་ལ་ཁ་བས་གཤེར་ཞིང་ཉི་མས་བསྐམས་པས་ཤིན་ཏུ་སྲ་བོར་གྱུར་ལ།
ཁྱད་པར་དུ་སྟོན་ཀར་རྨོད་དུས་ཆར་ཞོད་ཆེ་བའམ་དགུན་དུས་ཁ་བ་མ་བབས་ན་དེ་ལས་ཀྱང་ཆེ་ཞིང་མཁྲེགས་པོར་གྱུར་པས། ཞིང་པ་རྣམས་ཀྱིས་ལོ་སར་ཁ་བ་རིན་ཆེན་གསེར་ལས་དཀོན་ཞེས་པོ་ཐོ་བརྡུང་ལ་ཉེ་སྐབས་ཁ་བ་འབབ་པར་རེ་སྒུག་ཆེན་པོ་བྱེད་པ་ཡིན། སྤོ་ཐོ་ཇི་ལྟར་ཕྱེ་མར་བྱས་ན་དེ་ཙམ་གྱིས་རྨོ་བདེ་བ་དང་ལོ་ལེགས་པར་ཕན་པས་ཞིང་པ་ཚོས་མེ་ར་ལྟ་བུ་ཞེས་མེ་ཏོག་འདེབས་སའི་ས་ཕྱེ་མ་ལ་དཔེར་བླངས་ནས་བརྡུང་སྲོལ་ཡོད། པོ་ཐོ་སྐྱ་བོ་རྡུང་སྐབས་སུ་གྲོང་པ་གཅིག་པར་དུད་ཚང་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་རྡུང་རོགས་བྱས་མཐར་ཆེས་མཐའ་མ་ལུས་པ་ཚང་ལ་མ་མཐའང་དུད་ཚང་རེ་ནས་མི་རེ་ཡོང་ནས་རོགས་བྱེད་པ་ཡིན། སྤྱིར་བཏང་པོ་ཐོ་སྐྱ་བོ་དེ་དག་སྟོན་ཀར་རྨོས་མ་ཐག་ཏུ་བརྡུངས་ན་སྙི་ཞིང་ལས་སླ་བ་ཡོད་ཀྱི་ལྡོག་པར་དཔྱིད་ཀའི་དུས་སུ་སྤོ་ཐོ་སྐམ་པོ་ཤིན་ཏུ་དཀྲུམ་དཀའ་བས་ལས་ཀར་ངལ་དུབ་ཆེ་བ་དང་དུས་ཚོད་ཀྱང་རླུང་ནག་འཚུབ་ཅིང་དྲོད་གྲང་འགྱུར་ལྡོག་ཆེ་བ་ལ་འཁེལ་ཡོད་མོད། མི་རྒན་ཚོས་ལས་ཀ་མགོ་རྟིང་བསློགས་ན་ལོ་ལེགས་མི་ཡོང་ཞེས་ལོ་ཕྱི་མའི་དཔྱིད་ཀར་མ་གཏོགས་སྟོན་སློག་རྒྱག་མ་ཐག་ཏུ་བརྡུང་པར་བཀག་འགོག་བྱེད་སྲིད། དེ་ནི་དཔྱིད་རྨོས་སུ་ཞིང་གི་སེར་སྲུང་བ་དང་འབྲེལ་བ་ཆེན་པོ་ཡོད་པར་སྣང་སྟེ། དེས་དགུན་ཁའི་ཚེ་ལ་ཞིང་ངོས་སུ་ཁ་བ་མྱུར་དུ་མི་ཞུ་བར་གནས་ཐུབ་པ་དང་ཞུ་ནས་ས་ལ་ཐིམ་པ་རྣམས་ས་འོག་ཏུ་འཁྱགས་ཁེངས་རྒྱུན་ཡུན་རིང་སྲིང་པར་ཕན་པ་ཡིན། དིང་སང་ཞིང་པ་ཕལ་མོ་ཆེ་ཚོས་ལས་ཀ་སྟབས་བདེ་ཕྱིར་སྟོན་སློག་བརྒྱབ་མ་ཐག་ནས་འཕྲུལ་ཆས་ཀྱིས་སབ་ཤལ་དྲུད་དེ་པོ་ཐོ་ཕྱེ་མར་བྱེད་བཞིན་ཡོད། སྣུམ་པོ་བརྡུང་པ་ཞེས་པ་ནི་ས་བོན་བཏབ་ནས་རྨོས་མ་ཐག་ཏུ་པོ་ཐོ་རློན་པ་རྡུང་བ་ལ་ཟེར། དེ་ནི་རྨོད་དུས་རོལ་ཁ་རྒྱ་ཆུང་ཞིང་ས་གདིང་མི་མཐུག་པས་པོ་ཐོ་ཆུང་བ་དང་རློན་པ་ཡིན་པས་སྙི་བ་སྟེ་སྐྱ་བོ་ལྟ་བུ་བརྡུང་དཀའ་མོ་མེད། སྣུམ་པོ་བརྡུངས་པས་པོ་ཐོ་དཀྲུམས་པ་ཙམ་གྱིས་མི་ཚད། རོལ་ཁ་བསུབས་ནས་ས་བོན་སྒང་དུ་མི་བུད་པ་དང་། མྱུ་གུ་འབུ་སླ་ཞིང་གྲ་སྙོམ་པ། ཡུར་མ་ཡུར་བདེ་བ། ས་ཁོད་སྙོམ་ཞིང་ལོ་ཐོག་བརྔ་བདེ་བ་སོགས་ལ་ཕན་ཐོགས་ཡོད། ཞིང་ལས་ཉམས་ཞིབ་པ་ཚོས་སྤོ་ཐོ་རྡུང་བ་ལ་སྤྱིའི་ཆ་ནས་གྲ་སྙོམས་པ། ཁོད་བདེ་བ། ས་སོབ་པ། སྤོ་ཐོ་ཞིབ་པ། ཞིང་གཙང་བ། དྲོད་གཤིན་ལྡན་པ་བཅས་བྱེད་དགོས་པ་སྟེ། དཔྱིད་ཀར་ཐན་པ་ཆེ་ས་ལ་ཞིང་ས་ཞིབ་ཅིང་ཕྲ་ལ་ཁོད་སྙོམས་པ་བྱས་ན་དྲོད་གཤེར་སྲུང་བ་ལ་ཕན་པ་དང་། ཆར་ཆུ་འབེལ་ས་ལ་ཞིང་ས་ཅུང་རྩིང་ཞིང་རགས་པར་བྱས་ན་མྱུ་གུ་གྲ་སྙོམ་ཞིང་འབུ་སླ་བ་སྟོབས་ཆེ་བ་ལ་ཕན། ཞིང་ཆུ་མ་ཡིན་ན་གཏིང་ཐུང་ངུར་རྨོ་དགོས་ཞེས་བརྗོད་ཡོད།
ག ཞིང་ཆུ་འདྲེན་པ། དུས་རབས་སྔོན་མར་མཉམ་ལས་ཁང་གི་སྐབས་སུ་དཀར་མཛེས་ལུང་པའི་ཡུལ་ཕལ་མོ་ཆེས་ཐང་དང་གཤོང་ན་ཡོད་པའི་ཞིང་དུ་ཆུ་འཁྲིད་དགོས་པ་ཡིན། ཞིང་པ་ཚོས་དེ་ལ་ཆུ་བཀྱེ་ཟེར་ཞིང་དཔེ་རྙིང་འགའ་རེར་ཆུ་བཅུས་ཞེས་བྲིས་ཡོད། དེར་དཔྱིད་ཀར་སོན་མ་བཏབ་གོང་དུ་འཁྲིད་པ་དང་ལྗང་བུ་སྐྱེས་རྗེས་སུ་འཁྲིད་པ་གཉིས་ཡོད་ཅིང་། དང་པོ་ལ་དཔྱིད་ཆུ་བཅུས་དང་ཕྱི་མ་ལ་དབྱར་ཆུ་བཅུས་སམ་ལྗང་ཆུ་བཅུས་ཞེས་ཟེར། གྲོང་པ་མང་པོས་ཞིང་ལ་ཆུ་འཁྲིད་པའི་ཆེད་དུ་ས་སྒང་གཤགས་ཏེ་འོབས་ཤུར་བརྐོས་ཤིང་ལུང་པ་བསྲངས་ནས་རགས་བརྒྱབ་སྟེ་ག་ས་ག་ལ་ཆུ་རྐ་བཙུགས་ཡོད། ལོ་སར་རྒྱབ་ཏུ་བོང་བ་མ་བརྡུང་གོང་ལ་མི་ཚོས་ལྕགས་གཡབ་ལྕགས་མཇོར་ལྕགས་ཁེམ་སོགས་ཡོ་བྱད་ཁུར་ཏེ་ལོ་དེར་ནས་བཏབ་དགོས་པའི་ཞིང་ཡོངས་སུ་ཆུ་ཁྲིད་དེ་སྐམ་ས་མ་ལུས་པར་སྦངས་བ་ཡིན། ཆུ་བཅུས་པའི་དགོས་པ་གཙོ་བོ་ནི་ཞིང་ས་ལ་བངས་རྒྱས་པའི་ཆེད་དུ་ཡིན་ཡང་སྤོ་ཐོ་རྡུང་བདེ་བ་ལའང་ཕན་ཐོགས་ཆེན་པོ་འབྱུང་། ཆུ་བཅུས་ཟིན་པའི་ཞིང་དུ་མྱུ་གུ་ཞིང་གཞན་ལས་སྐྱེ་མགྱོགས་པ་ནི་མིག་རིག་ལག་ཐུག་ཡིན། གྲོ་དང་སྲན་མ་འདེབས་སའི་ཞིང་ལ་ཆུ་འཁྲིད་མི་དར། ས་ཞིང་སྒེར་ལ་སྤྲད་རྗེས་ཀྱི་ལོ་ཁ་ཤས་སུ་ཡང་དུད་ཚང་སོ་སོས་ཕན་ཚུན་བར་དུ་ལག་པོད་བྱས་ནས་ཞིང་ལ་ཆུ་བཅུས་པ་ཡིན་མོད། འོན་ཀྱང་ཕལ་མོ་ཆེར་དུས་རབས་སྔ་མའི་སྨད་ནས་ཞིང་གི་འབུ་སྲིན་སྲུང་སྐྱོབ་སོགས་ཀྱི་སླད་དུ་བཅུས་མཁན་ཇེ་ཉུང་དུ་སོང་ལ་ད་ལྟར་ཆུ་བཅུས་སྲོལ་མེད་པར་གྱུར། ཞིང་ལ་ཆུ་བཅུས་སྲོལ་ནི། ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཞེས་བྱ།།དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས།།ཁུ་གུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས།།འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན།།མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།།འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།།མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།།ཞེས་དང་། ཕུ་ཆུ་ཡུར་དུ་དྲངས་ནས་ཞིང་ལ་ས་བོན་བཏབ་ཅེས་སོགས་ལོ་རྒྱུས་དེབ་ཐེར་གྱི་གསུང་ཚིག་དང་། གཤོང་གསུམ་ཆུ་མའི་ཞིང་གི་ས་ཞེས་པའི་གཏམ་དཔེ། ཞིང་ཆུ་མ་ཞེས་མིང་འདོགས་ཚུལ་སོགས་ལ་བལྟས་ན་གངས་ཅན་བོད་ལ་གནའ་ནས་དར་ཟིན་པ་ཤེས་ཐུབ་ཀྱང་། ཡུལ་འདིར་དགུང་ལོ་བརྒྱད་ཅུའི་ཡན་གྱི་མི་རྒན་ཚོས་གནའ་སྔ་མོ་ལའང་ས་སྟོད་སྨད་བར་གསུམ་དུ་ཞིང་ལ་ཆུ་དྲངས་བ་མཐོང་ཐོས་མ་མྱོང་པར་བརྗོད། ཡུལ་གྲུ་འདིའི་ལོ་རྒྱུས་དེབ་ཐེར་ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་དང་། ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱལ་མཚན་གྱི་ཀུན་གསལ་མེ་ལོང་གི་ལྷན་ཐབས་རྣམས་སུ།ཧོར་སྦ་ཐུར་ནོ་ཡོན་ནི་དུས་རྒྱུན་དུ་བླ་མ་དཀོན་མཆོག་ལ་གུས་ཤིང་། དམངས་ཕལ་པའི་རིགས་རྣམས་ལ་བྱམས་པ་དང་ཐུགས་བརྩེ་བས་གཟིགས་སྐྱོང་མཛད་པ་ཞིག་ཡིན་གདའ་སྟེ། ཞིང་ལ་ཆུ་བཀྱེ་ན་ཁེ་བོགས་དང་ཕན་པ་ཆེ་བར་དགོངས་ཏེ། ཁྱོད་རྣམས་ཀྱིས་ཞིང་ལ་ཆུ་བཀྱེ་རུང་བ་རྣམས་ལ་ཆུ་ཐོངས་ཤིག་ཅེས་གསུངས་པས། དེ་ནས་འང་(འོག)བཟང་བ། གསེར་ཆུ་སྟེང་པ། འབུ་ཆུ་ཕྱོགས། ཐ(མཐའ)སྨད། ཕྱོགས་ངན་ཕྱོགས་པ་རྣམས་དང་། འབྲོག་བཤེས་ཕྱོགས་དང་། ལྷོ་པ་གྲོང་ཆུང་། སྲིབ་ངོ་། དགེ་བ་ཁག་རྣམས་ཀྱི་དེ་དུས་ཞིང་ལ་ཆུ་ཁྲིད། དཀར་མཛེས་གྲོང་པ་རྣམས་ཀྱིས་དམ་སྒང་ཐང་ལ་ཆུ་ཁྲིད་སྐབས། རྒྱས་བཟང་མདའ་ནས་འཁྲིད་དུས། རྒྱས་བཟང་ཕྱོགས་པ་དང་དཀར་མཛེས་གྲོང་པ་གཉིས་འཐབ་རྩོད་བྱས་པས་རྒྱས་བཟང་མདའ་པའི་མི་གཅིག་བསད་ཤོར་ནས། སྦ་ཐུར་ནོ་ཡོན་ནས་ད་ཕྱིན་ཆད་དཀར་མཛེས་གྲོང་པས་ཆུ་བཀྱེ་མི་ཆོག་པའི་ཁྲིམས་མཛད། ཅེས་བཀོད་ཡོད་དོ།།
ང་། ས་བོན་བཏབ་པ། ས་བོན་ནི་ཞིང་ལས་འབྲུ་རིགས་ཀྱི་འབྲས་བུ་ལེགས་པ་འབྱུང་བའི་ཉེ་ལེན་གྱི་རྒྱུ་ཡིན་པས་ཞིང་པ་སུ་དང་སུ་ཡིན་རུང་ས་བོན་གྱི་སྤུས་ཀ་ལ་དོ་སྣང་ཤིན་ཏུ་ཆེན་པོ་བྱེད་པ་ཡིན། གྲོ་ནས་སྲན་གསུམ་གྱི་ས་བོན་ནི་སྟོན་རྒྱབ་འབྲུ་རིགས་འཕྱར་རྡུང་བྱེད་པའི་སྐབས་ནས་འགོ་བཙུགས་ཏེ་གྲ་སྒྲིག་བྱེད་པ་ཞིག་སྟེ། ནས་འབྲུ་དང་སྲན་འབྲུ་སྨིན་ཆེ་ཤོས་དང་བཟང་ཆེ་ཤོས་རྣམས་བཀྲབས་ཏེ་ལོགས་སུ་བཀར་བ་ཡིན། སྲན་མ་ཆག་རོ་ལ་མྱུ་གུ་མི་སྐྱེ་པས་ཚགས་སུ་བཙགས་ནས་ངེས་པར་དུ་གས་ཆག་མེད་པ་ཁོ་ན་གདམ་དགོས། ནས་ལ་རྩྭ་དང་ཡུག་པོ། རུལ་བ་སོགས་མེད་པར་གཙང་མ་ཀ་དག་བྱེད་དགོས། དེ་ཕྱིར་ས་ཆ་ལ་ལ་ན་ས་བོན་ཞིང་ངམ་སོན་ཞིང་ཞེས་རྐང་བཙུགས་ནས་སང་ཕོད་ཀྱི་ས་བོན་ཆེད་དུ་ད་ལོར་ཞིང་ས་བཟང་པོ་རྩེ་གྲས་ཤིག་ན་ལོགས་སུ་རྨོད་འདེབས་སོ་ནམ་ཞིབ་ཚགས་བྱེད་སྲོལ་ཡོད། དེ་ནས་སྟོན་རྒྱབ་གཡུལ་ར་( སྙེ་མ་བརྡུང་ས་ཡི་གཡུལ་ཁའི་མིང་།)ཡི་ནང་དུ་རྡུང་བའི་སྐབས་སུ་ཡང་བམ་པོ་( སྟོན་ཀར་ཞིང་དུ་ནས་བརྔས་ནས་ཆུན་པོ་ཆུན་པོར་བསྒགས་པའི་ཕོན་པོའི་མིང་། ) ཡི་མགོ་སྐེ་བཅད་ནས་སྙེ་མ་ཁོ་ན་བརྡུངས། དེ་རླུང་ལ་འཕྱར། ཚགས་སུ་བཙགས། ཆག་རོ་དང་། ནས་ཤུན། སྨིན་ཐག་མ་ཆད་པ་སོགས་བསལ་ཏེ་འབྲུ་རྡོག་རྒྱགས་ཤིང་སྐྱེས་སྟོབས་ལེགས་པར་རྫོགས་པའི་ནས་འབྲུ་སྤུས་དག་ཁོ་ན་ས་བོན་དུ་ལོགས་སུ་དགར་དགོས། ཁྱད་པར་དུ་བམ་རོ་ཟོ་སད་རོ་ཐོབས་ཞེས་པའི་དཔེ་ལྟར་ནས་བམ་རོ་ལ་མྱུ་གུ་མི་སྐྱེ་པས་མ་བམ་པར་ཐོག་མ་ཉིད་ནས་ཏེ་བོར་སྐམ་པོར་བྱས་ཏེ་ཉར་ཚགས་བྱ་དགོས། གལ་ཏེ་ས་བོན་གྱི་དཀའ་ངལ་དབང་གིས་འུ་ཐུག་བྱུང་ན་སད་རོ་(སྟོན་ཁར་མགོ་སྨིན་ཐག་མ་ཆད་པའི་སྐབས་སུ་སེར་བས་གནོད་འཚེ་ཐེབས་མྱོང་བའི་ནས་འབྲུའི་མིང་། )ལ་འབྲས་བུ་སྨིན་པས་བཏབ་རུང་བ་ཡིན། མཉམ་ལས་སྐབས་དང་མིའི་ཆ་རྐྱེན་ཚང་སྐབས་སུ་ཞིང་ནང་དང་ནས་རྩིག་ལས་སྨིན་ལེགས་པར་རྫོགས་པའི་སྙེ་མ་བཟང་ཤོས་རྣམས་བཏུས་ཤིང་ཕྱར་རྡུང་ལེགས་པར་བྱས་ནས་ལོགས་སུ་ས་བོན་གསོག་མཁན་ཡང་ཡོད། ས་བོན་འདེབས་སྟངས་ལ་མིས་འདེབས་པ་དང་འཕྲུལ་ཆས་ཀྱིས་འདེབས་པ་གཉིས་ཡོད། འཕྲུལ་ཆས་ཀྱི་འདེབས་སྲོལ་ནི་མཉམ་ལས་སྐབས་སུ་བྱུང་བ་ཡིན་ལ། དེའི་སྔོན་དང་ད་ལྟ་གཉིས་ཀར་འདིའི་ཡུལ་ཀུན་ཏུ་མིས་འདེབས་སྲོལ་ཤིན་ཏུ་དར། རྒན་པ་འགས་ནས་ཀྱི་ས་བོན་འཕྲུལ་ཆས་ཀྱིས་བཏབ་པ་ལ་མིའི་ལག་པས་བཏབ་པ་ལྟ་བུ་སོག་སྡོང་ཕུང་པོ་ཆེན་པོར་རྒྱས་མི་ཐུབ་པར་བརྗོད། ས་བོན་འདེབས་མཁན་ནི་མཐའ་གཅིག་ཏུ་མ་ངེས་ཀྱང་ཕལ་ཆེར་བུ་མོ་ཡིན་ལ། དེར་ཐོག་མ་འདེབས་པའི་རྟེན་འབྲེལ་འཇོག་སྐབས་ལུས་ལ་སྐྱོན་མེད་པ། རིགས་གཙང་མ། ཕ་མ་འཛོམས་པ། མིང་བཀྲ་ལེགས་པ། སྤྱོད་ལམ་ཡག་པོ་ཞིག་གིས་ཞྭ་གོས་ལྷམ་གསུམ་གསར་པ་གྱོན། ངོ་དང་ལག་པ་བཀྲུས། ཞིང་དུ་བསང་དང་བསུར་བཏང་། ལོ་ལྷ་ཡོད་པའི་ཕྱོགས་ལ་ཁ་འཁོར་ནས་སོན་སྣ་རྡོ་ལ་ཕོག་དགོས། རྡོ་ལ་ཁ་སྤུ་སྐྱེ་དགོས་ཞེས་པ་ལྟ་བུ་སོགས་སྨོན་ལམ་དང་གསོལ་བ་སྣ་ཚོགས་བཏབ་ནས་ཐོག་མར་བཏབ་པའི་སྲོལ་ཡོད། དེ་བཞིན་སློ་མ་ཁ་ས་ལ་མི་སྦུབས་པ་དང་ས་དགྲ་དང་ཆུ་དགྲ་མི་ཡོང་ཕྱིར་དུ་སློ་མའི་ཁ་ལ་མར་བྱུག་པ་དང་། གདུགས་དཀར་སྲུང་འཁོར་དང་། ལོ་སྐོར་བཅུ་གཉིས་ཀྱི་སྲུང་འཁོར། རུས་སྦལ་གྱི་ལྤགས་པ། མེ་ལོང་སོགས་བཏགས་སྲོལ་ཡོད་ཅིང་སྲུང་འཁོར་འདོགས་མཁན་ནི་ད་ལྟར་ཡང་མཐོང་རྒྱུ་ཡོད། ཞིང་ལ་ས་བོན་འདེབས་པ་ནི་ཅི་མོས་གང་མོས་ཀྱིས་ཆོག་པ་ཞིག་མ་ཡིན་གྱི། དེར་ས་བོན་ལ་ཐོག་མར་སུས་རེག། དང་པོར་སུས་འདེབས་པ་སོགས་ལ་བཅིངས་འགྲོལ་མ་བཏང་གོང་ལ་ཡུལ་ཀ་སོ་སོ་རང་གི་ས་གནས་ཀྱི་ཨ་མྱེ་རྣམས་ཀྱིས་རྩིས་བརྒྱབ་ནས་གཏན་ལ་ཕབ་པ་དགོན་པའི་འཆམ་དང་ཡུལ་གྱི་དུས་ཆེན་སོགས་མང་པོ་འཛོམས་པའི་ཚོགས་སུ་ཁྲོམ་བསྒྲགས་བྱེད་དགོས་འདུག། བར་སྐབས་སུ་མོ་རྩིས་སོགས་ཀྱི་ལུགས་སྲོལ་རེ་ཞིག་ཉམས་པའི་དུས་སུ་གྲོང་པ་ཕལ་ཆེ་བས་ཉི་རྟགས་ཆུ་རྟགས་ཙམ་ལ་ལྟོས་ནས་དུས་ཚོད་བཟུང་བ་ཙམ་བྱས་ཀྱང་གྲོང་པ་འགས་ལྐོག་ན་སྔ་སྲོལ་རྒྱུན་མ་བཅད་པ་བྱས་སྐད།
ས་ཞིང་སྒེར་ལ་སྤྲད་རྗེས་ཡུལ་སྟོད་སྨད་བར་གསུམ་དུ་གཙོ་བོ་ལྷ་སའི་ལི་ཐོ་ལ་གཞིར་བཟུང་ཞིང་སོ་སོའི་ས་གནས་ཀྱི་གནས་ཚུལ་དང་ཡང་བསྟུན་ནས་སོ་ནམ་བྱེད་པ་མང་ཞིང་། ཁྱིམ་ན་སོ་ནམ་རྒན་པའི་བགྲེས་པོ་ཉམས་མྱོང་ཅན་ཡོད་པའི་དུད་ཚང་བསོད་ནམས་ལྡན་པ་ཚོར་དེ་དག་གི་ཐོག་ཏུ་གཙོ་བོ་རང་གི་ཁྱིམ་དུ་མི་རབས་བརྒྱུད་པའི་ཉི་རྟགས་ཆུ་རྟགས་སོགས་ཀྱི་ཉམས་མྱོང་ལྟར་ལག་ལེན་བསྟར་བ་ཡོད། ལི་ཐོའི་ནང་དུ་ས་བོན་འདེབས་མཁན་དང་། ཞིང་རྨོ་སྟངས། འབྲས་བུ་བཟང་ངན་སོགས་ཞིབ་ཅིང་གསལ་བར་བསྟན་ཡོད་པ་སྟེ། དཔེར་ན་སྤྱི་ལོ་༢༠༢༠ལོའི་ལི་ཐོའི་གླང་རྩིས་སུ། སྤྱིར་ན་ཁྱུ་མཆོག་མདོག་སྔོ་བས།།མཁའ་ལ་སྤྲིན་མཛེས་ཆར་ཆུ་ལེགས།།སྔོ་ལྡུམ་མེ་ཏོག་བཀྲག་མདངས་ཆེ།།གྲང་བ་བད་ཀན་ཀླུ་ནད་ལྡང་།། གླང་མགོ་དཀར་བས་ས་སྟོད་དང་།།རི་ཞིང་རྣམས་ལ་སད་ངོ་ཆེ།།ཕོ་བ་སེར་བས་བར་ཁམས་བདེ།།བར་གྱི་ཞིང་ལ་སྐྱེ་བོངས་ཆེ།།འབྲོག་ན་བཞོན་ཆུ་འཕེལ་བ་ཡིན་ཞེས་དང་། སུག་བཞི་སེར་བས་རོང་ཆེན་དང་། ལུང་པའི་མདའ་ཞིང་བཟང་བ་ཡིན།།ཞེས་དང་། ལྟག་སྐྲ་གཡོན་པ་རྣ་བའི་མདུན།།གཡས་པ་རྣ་བའི་རྒྱབ་ཏུ་འཕྱང་།།ལོ་འབྲས་ལ་སོགས་འབྲིང་དུ་རྟོགས།།ལྷམ་ནི་གཉིས་ཀ་གྱོན་པ་ཡིས།།ཆར་ཆེ་སྐྱེ་རྒུ་བྲེལ་བ་ཡིན།།ཞེས་དང་། ཚེས་གཅིག་མེ་མོ་ཡོས་ཀྱི་ཉིས།།སོས་ཐན་སྟོན་ཞོད་འོང་ཉེན་ཡོད།།འབྲུ་རིགས་སྲན་མའི་རིགས་རྣམས་བཟང་།།ཞེས་དང་། ཡང་། སྤྱིར་ན་དགུང་འདིར་ལོ་བཟང་ཕོ་མོ་ཁྱད་མེད་ས་སྟག་རང་ལོ༢༣དང་། མེ་སྟག་རང་ལོ༣༥། ཆུ་ཁྱི་རང་ལོ༣༩སྟེང་སོན་པ་བཅས་ཕ་མ་གཉིས་འཛོམས་ཤིང་དབང་པོར་སྐྱོན་མེད་པ། མིང་པྲ་ལེགས་པ་ཞིག་གིས་ས་བོན་འདེབས་པ་དང་། སྐྱེ་ཤིང་འཛུགས་པ། མཁར་ལས་སྣེ་འཛིན་སོགས་ལོ་གང་གི་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་གནམ་ལོའི་ཕྱོགས་གཙང་བྱང་ཤར་མཚམས་སུ་གཟིགས་པར་འཚལ་ཞེས་པ་སོགས་བཀོད་ཡོད་པ་ལྟ་བུ། འོན་ཀྱང་དེ་ཉིད་དུ་དེ་ལུགས་ཡུལ་སོ་སོའི་ཕུ་མདའི་ས་བབ་དང་བསྟུན་ཏེ་ཞིང་འབྲོག་རྒན་རབས་མྱོང་བ་ཅན་རྣམས་ཀྱི་ངག་རྒྱུན་དང་། སྔར་གྱི་ཉི་ཐིག། སྐར་ཚོགས་སོགས་ལས་སྔ་ཕྱིའི་འདེབས་ཚོད་རན་པ་ཤེས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེའོ་ཞེས་དང་། གོང་གསལ་འདེབས་ཚོད་དེ་དག་ནི་དབུས་ཕྱོགས་ལྷ་སའི་ཉེ་འདབས་དང་། འཕན་པོ། ལྷོ་ཁ་གོང་དཀར། ཡར་ཀླུང་། འཕྱོངས་རྒྱས་སོགས་སྤྱིར་བཏང་གི་གཤོངས་ཞིང་དང་སོན་འབྲུ་ལྕི་ཡང་སྙོམས་པའི་ས་ཁུལ་ལ་བཤད་པ་ཞིག་ཡིན་ཞིང་། དེ་མིན་སོ་ནམ་འདེབས་ཚོད་ནི་ས་ཁུལ་སོ་སོའི་ཡུལ་བབ་དང་། ས་ཆ་བཟང་ངན། སོན་འབྲུ་ལྕི་ཡང་། གནམ་གཤིས་དྲོ་གྲང་བཅས་ལ་གཞིགས་ནས་ས་ཁུལ་དེ་གའི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་། སོ་ནམ་རྒན་རབས་མྱོང་བ་ཅན་གྱི་ངག་རྒྱུན་དང་། སྔར་གྱི་ཉི་རྟགས་དང་། ཤིང་རྟགས། བྱ་རྟགས། སྐར་མའི་རྟགས་བཅས་ལ་བརྟེན་ནས་སྔ་ཕྱིའི་འདེབས་ཚོད་རན་པར་ཤེས་དགོས་ཞེས་གསུངས་པ་ལྟ་བུ། དཀར་མཛེས་ལུང་པའི་ཞིང་པ་རྣམས་ཀྱིས་ཀྱང་སྲིད་པའི་གངས་དང་མཉམ་བསོགས་བྱེད་པའི་ལུང་པ་འདིར་ཤིན་ཏུ་འཚམས་པའི་རྨོད་འདེབས་སྔ་ཕྱི་སོགས་ཉི་རྟགས་ཆུ་རྟགས་སྐར་རྟགས་བྱ་རྟགས་ཤིང་རྟགས་དག་ལ་བརྟེན་ནས་གཏན་དུ་ཕབ་པའི་སོ་ནམ་བྱེད་ཚུལ་གྱི་ཉམས་མྱོང་ཕུན་ཚོགས་པ་ཤིན་ཏུ་མང་པོ་བསོགས་ཡོད་ཅིང་། ཡུལ་འདི་ལ་མཚོན་ན་དེ་དག་ནི་ཡུལ་གཞན་གང་ནས་བྱུང་བའི་སྔོན་ཐོན་དང་ཕུལ་བྱུང་དུ་སྒྲོག་པའི་ཉམས་མྱོང་རྣམས་ཀྱིས་མི་དོ་པས་ངེས་པར་དུ་སྣང་མེད་རྩིས་མེད་དུ་མི་གཏོང་པར་རྒྱུན་འཛིན་ལོངས་སྤྱོད་དང་ལེགས་བཅོས་དར་སྤེལ་གཏང་དགོས་པ་ཡིན་ནོ།།
༼ མུ་འགོད།༽