国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དིང་རི་བ། ཐུགས་སེམས་སྐྱོ་སྐྱོ་མ་གནང་།

དགོད་སྒྲ་ཡི་རི་ལུང་ཞིག་འཇགས་སོང་།

སྡུག་བསྔལ་གྱི་རྒྱ་མཚོ་ཞིག་བསྐྱེད་བྱུང་།

ཨ་ཁ་ཁ། མི་འདོད་པའི་འབྱུང་བཞིའི་

གནོད་འཚེ་དེས།

བསམ་བཞིན་ཡིན་ལ་བསམ་བཞིན་མ་

ཡིན་པའི་གཤེད་མ་དེས།

ལན་ཆགས་ཡིན་ལ་ལན་ཆགས་མ་ཡིན་པའི་

བུ་ལོན་དེས།

ངེད་ཀྱི་ལ་སྟོད་དིང་རི་བའི་ཡུལ་མི་ཇི་སྙེད་ཅིག

འཇིགས་ཡེར་བའི་རྔ་ལམ་དུ་བརྫངས་དོན་ཅི།

ཐེག་དཀའ་བའི་སྡུག་བསྔལ་གྱི་འོབས་

ནང་འདེད་དོན་ཅི།

ནག་ཉེས་ཅི་ཞིག་དང་བཀའ་ཆད་ཅི་ཞིག་ཕོག་

སོང་བས་ལན་པ་རེད།

ས་ཆེན་པོ་ལགས། ང་ཚོ་ལ་རྩིས་སྤྲོད་ཡང་དག་

ཅིག་རྒྱག་རོགས་གནང་།

རིག་པའི་མེ་ཏོག་སྦྲུམ་པའི་ཁྱེའུ་ཆུང་གི་

ཚོགས་རྣམས།

ཕུགས་བསམ་གྱི་རྒྱབ་རི་བརྟན་པའི་ན་

གཞོན་གྱི་དཔུང་སྡེ།

རྣམ་དཀར་གྱི་དགེ་བར་འཇུག་པའི་དད་

ལྡན་གྱི་རྒན་རྒོན།

གློ་བུར་དུ། དེ་དག་གི་རེ་བས་བརྟས་པའི་

ལང་ཚོའི་མྱུ་གུ་སྐམ་དུ་བཅུག་སོང་།

ཡིད་ཆེས་ཀྱིས་ཁེངས་པའི་ཕུགས་བསམ་

གྱི་གཤོག་ཟུང་ཆད་དུ་བཅུག་སོང་།

ལྷག་བསམ་གྱིས་ཀུན་ནས་བསླངས་པའི་

ཚེ་ཆོས་ཀྱི་མཇུག་མ་སྐྱོང་དུ་མ་བཅུག་པ་ནི།

ཨ་ཤུ་རེ་ཁོ། ཅི་འདྲའི་ཞེ་སྐྱོ་བའི་འགྱོད་གདུང་

ལྕི་མོ་ཞིག་རེད་ཨང་།

ཅི་འདྲའི་སྙིང་རྗེ་བའི་ངང་ཚུལ་སྐྱོ་བོ་ཞིག་

རེད་ཨང་།

ཁ་པར་གྱི་བརྙན་ལམ་ནས་མཐོང་བའི་དིང་

རི་བའི་ཡུལ་དངོས་ན།

འོ་དོད་ཀྱི་སྨྲེ་ངག་མཁའ་རུ་མཆེད་པ་

ཐོས་ཐེངས་རེར།

ན་ཟུག་གིས་སུག་བཞིས་འཕག་འཚག་རྒྱག་

པ་མཐོང་ཐེངས་རེར།

ཁྲག་དམར་གྱིས་ལུས་པོ་ཧྲིལ་པོ་བརྫིས་

པ་མངོན་ཐེངས་རེར།

ངའི་ནང་སེམས་ལ་བཅོས་མིན་གྱི་སྐྱོ་གདུང་གི་

ཐན་པ་འཕྱུར་ཞིང་།

སེམས་བསྐྱེད་རྣམ་དག་གི་སྙིང་རྗེ་ཞིག་ངང་

གིས་སྐྱེས་པའི་སྐད་ཅིག་མ་དེར།

ངས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་

མཆོག་གསུམ་ལ་སྐྱབས་འཇུག་དང་།

མ་ཎི་ཡིག་དྲུག་གི་གཟུངས་སྔགས་ཤུགས་

ཀྱིས་བཟླས་ཏེ་བསྔོ་སྨོན་རྣམ་དག་ཅིག་བྱས་

པ་ཡིན།

དིང་རི་བ། ང་ཚོས་སྐྱིད་སྡུག་མཉམ་འཁུར་

དང་གདུངས་སེམས་མཉམ་དུ་ལོས་བསྐྱེད།

ང་ཚོ་ནི། རུས་རྒྱུད་གཅིག་ལས་མཆེད་པའི་མི་

རིགས་ཤིག་ཡིན།

དད་འདུན་གཅིག་ལ་བཅོལ་བའི་མི་རིགས་

ཤིག་ཡིན།

ལས་སྨོན་གཅིག་ཏུ་ཐེབས་སའི་མི་རིགས་

ཤིག་ཡིན།

དབྱངས་གསལ་གཅིག་ལས་བསྐྱངས་པའི་མི་

རིགས་ཤིག་ཡིན་སྟབས།

ང་ཚོས་ཀྱང་ཁྱེད་ཚོའི་ཆགས་འཇིག་དེར་

མྱ་ངན་ལོས་ཞུ།

ཁྱེད་ཚོར་བདེ་ཐང་གི་ཁྱིམ་གཞིས་དྲོན་མོ་

ཞིག་དང་བདེ་སྐྱིད་ཀྱི་ཉི་མ་གསར་པ་ཞིག།

སླར་ཡང་འཆར་བར་སྨོན་ལམ་རྣམ་དག་གི་

རེ་བས་བརྟས་ཡོད།

གངས་རིའི་འདབས་ཀྱི་བདག་གི་སྙིང་ཉེ་བའི་

དིང་རི་བའི་ཡུལ་མི་ཚོ།

ད་ཐེངས། ཁྱེད་ཚོར་དགུན་ཟླ་ལྷག་མ་

ཞིག་གིས་གཙེས་པར།

རྒྱང་རིང་ན་མིག་ཟུང་ཁྱེད་ཕྱོགས་སུ་ཅེར་

བའི་ང་ཚོའི་ནང་སེམས་ལའང་།

གྲང་ཤུར་ཤུར་གྱི་དགུན་ཟླ་འཁྱག་པ་འཁྱག་པ་

ཞིག་ཚེས་པར་སུ་ལ་གསང་ངམ།

རེ་བ་དང་རྨི་ལམ་གཅིག་པའི་དིང་རི་བ།

ད་ནི་སྐྱོ་སྐྱོ་མ་གནང་དང་།

འདི་ཕྱི་བར་དོ་གང་ལ་སོང་ནའང་།

གང་དུ་འཚོས་ཀྱང་རུང་།

མཆོག་གསུམ་གྱི་བརྩེ་བའི་བྱིན་རླབས་ནམ་

ཡང་ང་ཚོ་དང་ལྷན་དུ་ཡོད་ལ།

ཡིག་དྲུག་གི་ཐར་བའི་ས་བོན་རྟག་པར་ང་ཚོའི་

སེམས་རྒྱུད་ན་གཏན་དུ་སིམ་ཡོད་པས།

ཐུགས་སེམས་སྐྱོ་སྐྱོ་གནང་དགོས་མི་འདུག།

ཞེ་ལ་ཐོགས་པའི་དིང་རི་བ།

ནམ་ཡང་བདེ་བར་སྨོན།ནམ་ཡང་བདེ་

བར་སྨོན།

༼ རྩེ་སྲས་ཟླ་འོད། ༽